[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>གསར་འགྱུར་ལྟེ་གནས།
  • བོད་ཀྱི་དཔལ་འབྱོར་སྡེ་ཚན་གྱིས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-02

    ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པས་དགའ་སྤྲོ་ཚད་མེད་བྱེད་པ་དང་། དྲོ་སྐྱིད་ཟབ་མོ་ཚོར་བ། སེམས་ཤུགས་རབ་ཏུ་འཕེལ་བ། སྐུལ་མ་ཟབ་མོ་ཐེབས་པ་བཅས་ཀྱི་ཐོག་ནས་ཚོགས་འདུའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་པ་དང་། ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་བྱས་ནས་ཏང་གི་བོད་སྐྱོང་ཇུས་ཆེན་དེ་སྣེ་ཁྲིད་དུ་བྱས་ནས་སེམས་ནུས་གཅིག་འགྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་ཆེན་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཟླ་8ཚེས་27ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་ཁོངས་གཏོགས་ཡོངས་ཀྱིས་བརྙན་ལམ་ཚོགས་འདུ་སྐོང་ཚོགས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཁོངས་གཏོགས་ཡོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་བཟོ་ཚོང་ཅུས་ཀྱི་ལས་ཁུངས་སུ་ཡོད་པའི་འགོ་ཁྲིད་དང་ལས་བྱེད་ལས་བཟོ་ཡོངས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། ས་ཁུལ(གྲོང་ཁྱེར)ཁག་གི་བཟོ་ཚོང་ཅུས་ཀྱི་ལས་བྱེད་ལས་བཟོ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ཏེ། བཟོ་ཚོང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཅིང་། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པའི་ཐད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་བསྟན་འཛིན་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད། བསྟན་འཛིན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་ཚོགས་བྱས་པ་ལས། ཀྲུང་དབྱང་གིས་བོད་ལ་ཚད་མཐོའི་སྣང་ཆེན་གནང་ལུགས་གང་ལེགས་མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། རྒྱལ་དམངས་ཀྱི་ཡུལ་སྐོར་འཛད་སྤྱོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤྱི་ཚོགས་དུས་བབ་རྒྱུན་སྲིང་ངང་ཞི་མཐུན་བརྟན་ལྷིང་བཅས་ལས། བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་སྦྱིན་ཡོད། ཚོགས་འདུའི་ཐོག“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཡག་པོ་སྐྲུན་དགོས”ཞེས་པའི་བླང་བྱ་བཏོན་ནས། རང་ལྗོངས་ཀྱི་ཡུལ་སྐོར་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་ཞབས་ཞུའི་འཛུགས་སྐྱོང་ལ་དམ་འཛིན་མངོན་གསལ་བྱེད་པ་དང་། སྤུས་རྟགས་ཡུལ་སྐོར་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར་བདེ་འཇགས་འཛུགས་སྐྱོང་བཅས་ལ་དམ་འཛིན་མངོན་གསལ་བྱེད་པ། འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བ་བཅས་བྱས་ནས་སྤུས་ཚད་དང་ཕན་འབྲས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།

    “དངུལ་རྩ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲག་རྒྱུན་ཡིན་ལ‘ཞིང་གསུམ’བྱ་གཞག་སྒོ་ཀུན་ནས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་དེ་བས་རེད། བོད་དུ‘ཞིང་གསུམ’གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པར། ཞིང་འབྲོག་པ་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་། ཞིང་ལས་ཐོན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་མ་གཏོང་བ། ཞིང་འབྲོག་ཁུལ་གྱི་དར་རྒྱས་བརྟན་ལྷིང་འགན་ལེན་བཅས་ལ་ཕན་པ་ཡོད་པ་མ་ཟད། བོད་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འཁོད་ཡོང་བར་ཕན་པའང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཁྲོད‘རྒྱལ་ཡོངས་ཀྱི་ས་གནས་གཞན་དང་འདྲ་བར། བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་རག་ལས་སའི་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད’ཅེས་བཏོན་གནང་ཡོད། དམིགས་ཚད་དེ་མངོན་འགྱུར་ཡོང་བར་ངའི་བསམ་པར་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་ལས་དོན་ཁག་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཏེ། རྒྱལ་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་གོམ་སྟབས་ཀྱི་རྗེས་སུ་འབྲང་ཐུབ་པ་བྱེད་དགོས”ཞེས་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཞིང་གསུམ་དངུལ་རྩ་པུའི་སྤྱི་ཁྱབ་སྤྱི་གཉེར་བ་ལི་ཡུན་ཕུང་གིས་བཤད།

    ལི་ཡུན་ཕུང་གིས་ཀྲུང་དབྱང་གིས་ཞིང་འབྲོག་པའི་དབུལ་སྐྱོར་སྐྱེད་ཚབ་དངུལ་བུན་གྱི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ནས། བོད་ཀྱི་གཞི་རིམ་མང་ཚོགས་དང་ཁེ་ལས་ཆེས་ཆུང་གྲས་ཀྱིས་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་སྔར་བས་མང་བ་ལོངས་སྤྱོད་ཐུབ་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཡོངས་ཁེའི་དངུལ་རྩའི་ཞབས་འདེགས་ཡག་པོ་ཞུ་བ་དང་དུས་མཚུངས། “དངུལ་རྩར་བརྟེན་ནས་མཐའ་མཚམས་སྲུང་སྐྱོང”དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས།“ཞིང་གསུམ”གྱི་ལས་དོན་ཁག་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།