[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>སྤྱི་ཚོགས་འགན་སྲུང་།
  • དཀའ་བ་དུ་མ་ཁྱད་དུ་བསད། དབུལ་པོའི་རྩ་བ་དྲུང་ནས་བཅད།

    མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-10

    2016ལོའི་ནང་མངའ་རིས་ས་ཁུལ་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་གདོང་མཆོང་དུང་བརྡ་གྲགས་ནས་ངེས་པར་དུ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གཡུལ་འགྱེད་ཅིག་བརྒྱབ་ཡོད།

    བོད་ནི་ཆེས་ཐག་རིང་དང་དཀའ་ཚེགས་ཆེ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་ས་ཁུལ་གྲས་ཤིག་ཡིན་པའི་ངོས་ནས་མངའ་རིས་ཀྱི་མི་འབོར་དབུལ་པོས་ས་ཁུལ་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་20%ཙམ་ཟིན་པས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དབུལ་པོའི་བསྡུར་ཚད་མཐོ་བ་དང་། དབུལ་སྒྲོལ་དཀའ་ཚེགས་ཆེ་བ། དབུལ་པོར་གྱུར་རྐྱེན་མང་བ། དབུལ་སྒྲོལ་མ་གནས་མཐོ་བ་སོགས་ཀྱི་དཀའ་ངལ་འབོར་ཆེན་ཞིག་འཕྲད་ཡོད། འོན་ཀྱང་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་ཀྱི་མངའ་རིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་བཅུ་ལྷག་ཙམ་གྱིས་ཕྱིར་བཤོལ་གཏན་ནས་མི་བྱེད་པར་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མངའ་རིས་ས་ཁུལ་གྱིས་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བའི“སེམས་ཁྲལ་མེད་པ་གསུམ”དང་། “ཡོད་པ་གསུམ” “འགན་ལེན་གསུམ”བཅས་ཀྱི་སྤྱིའི་དམིགས་ཚད་བཏོན་པ་དང“ལོ་ལྔའི་ལས་འགན་ལོ་བཞིར་ལེགས་འགྲུབ་བྱེད་པའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་། 2019ལོར་རྒྱལ་ཁབ་ཀྱི་ད་ཡོད་ཚད་གཞིའི་འོག་ས་ཁུལ་ཡོངས་ཀྱི་དུད་ཚང་6779ཡི་མི་གྲངས་21419ཡི་དབུལ་སྒྲོལ་གྱི་ལས་འགན་འགྲུབ་ཐུབ་པ་བྱ་རྒྱུ་རེད།

    ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས——

    མི་ཁྲི་སྟོང་མང་པོ་ལུས་སེམས་བདེ་ལ་འཁོད།

    མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་བཙུགས་ཚུན། བར་ག་ཤང་གིས་རྒྱལ་ཁབ་ཀྱི་མ་དངུལ་སྤྱད་དེ་གངས་ས་གྲོང་ཚོའི་ཉེ་འགྲམ་དུ“4·25”ཡི་གེགས་རྗེས་བསྐྱར་སྐྲུན་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་གཉིས་དང་འབྲེལ་བ་ཡོད་པའི་མང་ཚོགས་ཀྱི་ཁང་གསར་70བསྐྲུན་པ་དང་དུད་ཚང་རེའི་ཁང་པའི་རྒྱ་ཁྱོན་མི་འབོར་གཞིར་བཟུང་སྨི་ངོས་གྲུ་60དང་། 80 100བཅས་རིམ་པ་གསུམ་དུ་ཕྱེ་ཡོད།

    ཁུལ་ཆུང་ཚང་མ་གངས་རིན་པོ་ཆེའི་རི་གཤམ་དུ་རིམ་པ་སྟར་ཆགས་བཞིན་གནས་པ་དང་ཁང་གསར་དེ་དག་ཧ་ཅང་ལྟ་སྣང་དོད་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ཁང་པ་རེའི་གྱང་ངོས་དང་ཐོག་ཁར་བཀོད་འདོན་ལེགས་པར་བྱས་པ་མ་ཟད། ཆུ་གློག་སོགས་ཀྱི་ནུས་པ་གང་དགོས་ཚང་མ་འཛོམས་པས། མང་ཚོགས་སྡོད་ཆོག་ཆོག་རེད།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་གི་ངོས་ནས་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་སྤེལ་འགོ་བཙུགས་མ་ཐག་ནས་མཐོ་ཚད་གཏན་འཁེལ་བྱས་པ་སྟེ། འདི་ལོ་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་དུད་ཚང་299ཡི་མི་གྲངས་800གནས་སྤོའི་དམིགས་ཚད་ཀྱི་རྨང་གཞིའི་ཐོག་མངའ་རིས་ས་ཁུལ་གྱིས་རང་ཉིད་ལ་གནོན་ཤུགས་སྤྲད་དེ་དུད་ཚང་811གི་མི་གྲངས་3484གནས་སྤོའི་ལས་འགན་མང་དུ་བཏང་བས། ཁྱོན་དུད་ཚང་1110གྱི་མི་གྲངས་4284ཟིན་པ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་དམིགས་ཚད་བསྡོམས་གྲངས་ཀྱི་དུད་ཚང་2225ཡི་མི་གྲངས་8175ཡི་49.9%དང་52%བཟུང་བ་དང“ལོ་གསུམ་གྱི་ལས་འགན་ལོ་གཉིས་རིང་ལེགས་གྲུབ་ཐུབ་པའི”བརྩོན་ལེན་བྱ་རྒྱུ་རེད།

    གནས་སྤོའི་ས་ཚིགས་ཀྱི་ས་ཆ་འདེམས་པའི་ཐད་མངའ་རིས་ས་ཁུལ་གྱིས་ལྟེ་བའི་གྲོང་ཚོ་དང་། གྲོང་རྡལ་ཆུང་ངུ་། རྒྱལ་ལམ་དང་ཞིང་ཆེན་ལམ། ཡུལ་སྐོར་ལམ་རྒྱུད། ཐོན་ལས་གླིང་། རྫོང་གྲོང་བཅས་ས་ཁོངས་དྲུག་གི་ལེགས་ཆར་བརྟེན་ནས་གནས་སྤོའི་ས་ཚིགས་ཐོན་ལས་འཕེལ་རྒྱས་དང་། སྣོད་བཅུད་འཛུགས་སྐྲུན། གེགས་བར་ལས་གཡོལ་བ་བཅས་ཀྱི་བླང་བྱ་དང་མཐུན་གང་ཐུབ་བྱེད་པའི་འགན་ལེན་བྱས་ནས། བཀོད་སྒྲིག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ་ས་ཁུལ་ཡོངས་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ས་ཚིགས་16གཏན་འཁེལ་བྱས་པའི་ནང་། དུད་ཚང་978ཀྱི་མི་གྲངས་3795གཅིག་སྡུད་བཀོད་སྒྲིག་བྱས་པ་དེས་གནས་སྤོའི་མི་གྲངས་བསྡོམས་འབོར་གྱི་88.6%བཟུང་བ་དང་། དུད་ཚང་132ཀྱི་མི་གྲངས་489ཁ་ཐོར་བཀོད་སྒྲིག་བྱས་པ་དེས་གནས་སྤོའི་མི་གྲངས་བསྡོམས་འབོར་གྱི་11.4%བཟུང་གི་ཡོད་པ་རེད། གནས་སྤོའི་མ་དངུལ་འགན་ལེན་བྱེད་པའི་ཐད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་དངུལ་བུན་དུང་ཕྱུར་4.7ཚང་མ་དོན་འཁྱོལ་བྱས་ཟིན་ལ་ནོར་སྲིད་ཁ་གསབ་སྒོར་ཁྲི་2000ཡང་དོན་འཁྱོལ་བྱས་ཤིང་། རྫོང་ཁག་ཏུ་སྤྲད་པའི་མ་དངུལ་སྒོར་དུང་ཕྱུར་2.28ཟིན་པ་དེས་མ་དངུལ་བསྡོམས་འབོར་གྱི་46.6%བཟུང་གི་ཡོད།

    ཐོན་ལས་འཕེལ་རྒྱས་དབུལ་སྐྱོར་གྱིས——

    མང་ཚོགས་ལ་འབབ་འཕར་མང་དུ་ཕྱིན་པ།

    ཁྲོམ་གཞུང་གཅིག་དང་ཁང་པ་སྟར་པ་ཞིག་གིས་གཅིག་བྱས་ན་རྫོང་གྲོང་ཞིག་གི་འཕེལ་རྒྱས་རྣམ་པར་འགྱུར་ལྡོག་འགྲོ་སྲིད།

    རྩྭ་མདའ་རྫོང་དུ་གུ་གེའི་གནའ་ཤུལ་དང་མཐོ་ལྡིང་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་སོགས་པའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལྡན་པས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་ནི་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད། དེར་བརྟེན་རྩྭ་མདའ་རྫོང་གིས“དམངས་སྲོལ་ཁྲོམ་གཞུང་གཅིག”དང“གུ་གེའི་རྒྱལ་རབས་ཀྱི་སྤྲོ་གསེང་གསོལ་མགྲོན་ཁང”གི་རྣམ་གྲངས་གཉིས་ལག་ལེན་བསྟར་བ་རེད།

    རྩྭ་མདའ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཀྲེས་ངོ་སྤྲོད་བྱས་པར་གཞིགས་ན། “དམངས་སྲོལ་ཁྲོམ་གཞུང་གཅིག”གི་རྣམ་གྲངས་ཀྱི་བོད་སྐྱོར་མ་དངུལ་སྒོར་ཁྲི་1200བཏང་ནས་ཨར་འདམ་ལམ་བཏིངས་པ་དང་རྫོང་རིམ་པའི་ནོར་སྲིད་ནས་སྒོར་ཁྲི་450བཏང་ནས་ཐལ་འགོག་གྱང་བརྒྱབ་པ་དང་། ཐོག་བརྩེགས་ཁང་ཆེན་བསྐྲུན་པ། ས་ཆ་འཁོད་སྙོམས་པ་སོགས་བྱས་ནས་ཚོང་སྒྱུར་ཁང་པ་སྟར་པ་13དང་ཚོང་ཁང་135བཀོད་སྒྲིག་བྱས་པའི་ནང་ཚོང་སྒྱུར་ཁང་པ་སྟར་པ་དྲུག་ཞིང་འབྲོག་མང་ཚོགས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་པ་རེད། དེ་དག་མཐོ་ལྡིང་དང་། རྫ་རོང་། བྱང་རྩེ། ཆུ་གསུམ་བཅས་ཤང་གྲོང་བཞིའི་དུད་ཚང་268ཀྱི་མི་820དང་འབྲེལ་བ་ཡོད། དེའི་ནང་དུད་ཚང་དབུལ་པོ་100ཡི་མི་གྲངས་288ཡོད་པ་དང་། དུད་ཚང་རེས་ཆ་སྙོམས་མ་དངུལ་སྒོར་ཁྲི་6ལྷག་ཙམ་གྲབས་གསོག་བྱས་ཡོད།

    “ལས་གྲྭ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་འདི་ལོ་མང་ཚོགས་ཀྱིས་ངལ་རྩོལ་ལ་ཞུགས་པར་ཡོང་འབབ་སྒོར་ཁྲི་190བྱུང་བའི་ནང་དུད་ཚང་དབུལ་པོར་ཡོང་འབབ་སྒོར་ཁྲི་35རག་ཡོད། ཕྱི་ལོ་རྣམ་གྲངས་བསྐྲུན་རྗེས་སྟར་པ་རེས་ལོ་རེར་བོགས་མར་བཏང་ནས་ཡོང་འབབ་སྒོར་ཁྲི་33རག་རྒྱུའི་ཚོད་དཔག་བྱས་ན། སྟར་པ་དྲུག་གིས་ལོ་གཅིག་ལ་སྒོར་ཁྲི་198རག་རྒྱུ་ཡིན་པ་དང་། མང་ཚོགས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་2414ཡོང་རྒྱུ་རེད”ཅེས་ཝང་ཀྲེས་བཤད།

    “གུ་གེ་རྒྱལ་རབས་གྱི་སྤྲོ་གསེང་གསོལ་མགྲོན་ཁང”གི་རྣམ་གྲངས་ནི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.25བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་དེ་ནི་བསྟི་ཡ་དང་། རྫ་རོང་། ཚོ་སྲིབ་བཅས་མཐའ་མཚམས་ཤང་གསུམ་དང་ཆུ་གསུམ་ཤང་གི་དཀའ་ངལ་ཡོད་པའི་མང་ཚོགས་959ལ་དམིགས་ནས་བསྐྲུན་པ་ཞིག་རེད། རྣམ་གྲངས་བསྐྲུན་རྗེས་ངལ་ནུས་ཡོད་པ་དང་རིག་གནས་རྨང་གཞི་ངེས་ཅན་ལྡན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་གསོ་སྦྱོང་བརྒྱུད་གསོལ་མགྲོན་ཁང་དུ་ལས་ཞུགས་ཆོག་པ་དང་དུས་མཚུངས། གསོལ་མགྲོན་ཁང་གི་ཡོང་འབབ་ཀྱང་ཡུལ་དེ་གའི་དབུལ་སྐྱོར་ཐེབས་རྩའི་ནང་བཅུག་སྟེ་ལོ་རེར་ཡོང་འབབ་ཆ་ཤས་བཏོན་ནས་དུད་ཚང་དབུལ་པོར་བགོ་བཤའ་རྒྱག་རྒྱུ་རེད། ཚོད་རྩིས་བྱས་པར་གཞིགས་ན། 2020ལོར་སླེབས་སྐབས་རྣམ་གྲངས་ཀྱིས་ཁེ་བཟང་སྒོར་ཁྲི་1644ཟིན་རྒྱུ་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྩྭ་མདའ་རྫོང་གི་མི་གྲངས་1620དབུལ་སྒྲོལ་གྱི་དགོས་མཁོ་སྐོང་རྒྱུ་ཡིན་སྟབས། རྫོང་ཡོངས་ཀྱི་མི་འབོར་དབུལ་པོ་1492དབུལ་སྒྲོལ་བྱེད་པའི་དངོས་ཡོད་གྲངས་འབོར་ལས་བརྒལ་རྒྱུ་རེད།

    མངའ་རིས་ས་ཁུལ་ལ་རྒྱང་ལྟ་བྱེད་སྐབས། འདི་ལོ་ཡུལ་སྐོར་ཞབས་ཞུའི་ལས་རིགས་དང་། སྒྲིག་བཀོད་ཞིང་འབྲོག་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་རིགས། ཨར་སྐྲུན་དང་འཛུགས་སྐྲུན་ལས་རིགས། རིག་གནས་ཐོན་ལས། མི་རིགས་ལག་ཤེས་བཟོ་ལས་སོགས་རྣམ་གྲངས་11ལག་བསྟར་བྱེད་པར་མ་དངུལ་སྒོར་དུང་ཕྱུར་4.5གཏོང་རྩིས་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་བསྡུ་སྒྲིལ་བྱས་པའི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་2.23གནད་སྨིན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞིར་སྤྱོད་རྒྱུ་དང་། དབུལ་སྐྱོར་དང་། ཞིང་འབྲོག ནགས་ལས། ཆུ་བེད། མཉམ་ལས་རྩ་འཛུགས་བཅས་ཕྱོགས་ལྔར་མ་དངུལ་སྒོར་དུང་ཕྱུར་0.18མུ་མཐུད་བསྡུ་སྒྲིལ་བྱས་ཏེ་ཐོན་ལས་དབུལ་སྐྱོར་ལ་སྤྱོད་རྒྱུ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལས——

    དུས་རབས་ཀྱི་དུང་བརྡ་ཤུགས་ཆེན་གྲགས་པ།

    འདི་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་གྱིས་ས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གི་འགན་བཞེས་པའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་པ་དང་། འཇོན་ཐང་ཅན་གྱི་ལས་བྱེད་པ་སྐོང་འཐེན་གྱིས་བཀོད་འདོམས་པུའི་གཞུང་ལས་ཁང་བཙུགས་ཁར། ལས་དོན་ཚོགས་ཆུང་11བཙུགས་ནས་ཐོན་ལས་དབུལ་སྐྱོར་དང་། སྣོད་བཅུད་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། སྤྱི་ཚོགས་མཐའ་སྐྱོང་དབུལ་སྐྱོར། ཡུལ་གཞན་གནས་སྤོ། རྣམ་གྲངས་འཆར་འགོད། ལས་ཞུགས་གཞན་སྒྱུར། མ་དངུལ་གྲབས་གསོག་སོགས་ལས་དོན་ལ་ཆེད་མངགས་འགན་ཁུར་ཏེ་ལས་དོན་གནད་སྨིན་སྤེལ་བ་དང་དོན་འཁྱོལ་ལ་འགན་ལེན་བྱས་པ་རེད།

    མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་འཆར་འགོད་ཀྱི་སྔོན་ཁྲིད་དང་། ཁྲིད་སྟོན། སྤྱི་འདོམས་བཅས་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ས་ཁུལ་གྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་ཆེད་ལས་སྒྲིག་ཁོངས་སྒྲིག་གཞིས་མཉམ་དུ་སྒྲིག་བཀོད་བྱེད་སྟངས་སྤྱོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རིམ་སྤེལ་འཆར་གཞི་བཟོ་འགོད་ཚོགས་ཆུང་འཛུགས་པ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་དབུལ་སྐྱོར། སྣོད་བཅུད་དབུལ་སྒྲོལ། སྤྱི་ཚོགས་མཐའ་སྐྱོང་། ཡུལ་གཞན་གནས་སྤོ། སློབ་གསོ་དབུལ་སྒྲོལ། ལས་ཞུགས་གཞན་སྒྱུར་དབུལ་སྒྲོལ། བདེ་ཐང་རོགས་སྐྱོབ། 2016ལོའི་ཡུལ་གཞན་གནས་སྤོ་སོགས་འཆར་འགོད་ཁག་9བཟོ་འགོད་ཞིབ་ཚགས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་གཞི་གནད་འཁེལ་ངང་གཏན་འཁེལ་བྱས་པ་རེད། རྫོང་དང་། ཤང་། གྲོང་ཚོ། དུད་ཚང་བཅས་ཀྱིས་ཀྱང་གནད་སྨིན་དབུལ་སྐྱོར་གྱི་འཆར་འགོད་དང་འཆར་གཞི་རིམ་པ་བཞིན་བཟོས་ནས་རྫོང་དུ་འཆར་འགོད་ཡོད་པ་དང་། ཤང་དུ་འཆར་གཞི་ཡོད་པ། ཞིང་འབྲོག་དུད་ཚང་ལ་གཱ་དང་ཐོ་དེབ་ཡོད་པ་བཅས་བྱས་པ་རེད།

    ཞིབ་ཕྲའི་ལས་དོན་ཁྲོད་མངའ་རིས་ཀྱིས་རྒྱལ་ཁབ་ཀྱིས་གནང་བའི་རྩྭ་ར་དང་ནགས་ཚལ་གྱི་སྣོད་བཅུད་ཁ་གསབ་འཕར་ཚད་ཀྱི་མ་དངུལ་དང་། མི་རིགས་དང་། མཐའ་མཚམས། བྱེད་པོའི་ནུས་ཁུལ་བཅས་ཀྱི་གཞན་སྒྱུར་གཏོང་སྤྲོད་འཕར་ཚད་ཀྱི་མ་དངུལ་བསྡུ་སྒྲིལ་ཧུར་ཐག་བྱས་ནས། ལས་ཞུགས་གཞན་སྒྱུར་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྣོད་བཅུད་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། ས་ཁུལ་ཡོངས་ཀྱིས་ནགས་སྲུང་པ་དང་། ལྟ་སྐུལ་དོ་དམ་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་སོགས་སྣོད་བཅུད་ལས་གནས་13599མཁོ་འདོན་བྱས་ནས་ངལ་རྩོལ་ནུས་ཤུགས་ཡོད་མཁན་4551གི་མི་འབོར་དབུལ་པོ་ས་ཆ་དེ་རང་ནས་ལས་ཞུགས་གཞན་སྒྱུར་བྱས་པ་རེད། དེ་དང་ཆབས་ཅིག་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དང་སློབ་ཆེན་སློབ་མ་དབུལ་པོའི་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། དོན་དངོས་ལ་གཞིགས་ནས་མངའ་རིས་ས་ཁུལ་གྱི་དབུལ་པོའི་སློབ་མར་རོགས་དངུལ་སྤྲོད་པའི་གནས་སྐབས་ལག་བསྟར་བྱེད་ཐབས་བཟོ་བ། ཁྱིམ་ཚང་དབུལ་པོའི་སློབ་མ་སློབ་གྲྭར་སྐྱོད་ཐུབ་པ་དང་སློབ་སྦྱོང་བྱེད་ཐུབ་པའི་འགན་ལེན་བྱེད་པ། མུ་མཐུད་སློབ་གྲྭར་སྐྱོད་ཐུབ་མེད་པའི་དུད་ཚང་དབུལ་པོའི་དམའ་རིམ་དང་མཐོ་རིམ་སློབ་ཐོན་སློབ་མའི་ངལ་ནུས་ལྷག་མ་དང་སློབ་ཆེན་སློབ་མ་དབུལ་པོ་ཁག་གཅིག་སྒྲིག་འཛུགས་བྱས་ནས། “ཞིང་ཆེན་གཉིས་ཀྱི་ཀུང་སི་གསུམ”དུ་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་བཀོད་སྒྲིག་བྱེད་པ། ནོར་སྲིད་དང་། སློབ་གསོ། བཟོ་ཚོགས། དབུལ་སྐྱོར་སོགས་སྡེ་ཚན་གྱི་རོགས་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་ནས་མུ་མཐུད་རོགས་སྐྱོར་བྱེད་པ། མུ་མཐུད་སློབ་གྲྭར་སྐྱོད་ཐུབ་མེད་པའི་དུད་ཚང་དབུལ་པོའི་དམའ་རིམ་དང་མཐོ་རིམ་སློབ་ཐོན་སློབ་མའི་ལས་རིགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ལོ་དེའི་ནང་མི་120ཡིས་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་དང་ལེན་བྱ་རྒྱུ་རེད།

    “མངའ་རིས་ཀྱིས་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དཀའ་གནད་དང་གཙོ་གནད་ཅིག་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དང་ལས་འགན་ཞིག་བཅས་རེད། མངའ་རིས་སུ་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་དཀའ་ངལ་མང་པོ་ཡོད་རུང་། དབུལ་སྒྲོལ་ལས་དོན་སྒྲུབ་པར་ཆ་རྐྱེན་གང་ཡང་གླེང་ཐབས་མེད་པར་ལེགས་གྲུབ་བྱེད་དགོས་ངེས་ཀྱི་ཆབ་སྲིད་ལས་འགན་ཞིག་ཡིན་ཕྱིན། ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང” མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་10ཡི་ཚབ་ཞུས་ནས་སྒམ་ཞིང་ནན་པའི་ངང“ང་ཚོས་ངེས་པར་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་དང་འགྱུར་མེད་ཀྱི་རྣམ་འགྱུར་དང་། དེ་བས་ཆེ་བའི་ཆོད་སེམས། དེ་བས་ཁ་གསལ་བའི་བསམ་ཕྱོགས། དེ་བས་གནད་སྨིན་གྱི་བྱེད་ཐབས། རྒྱུན་གཏན་མིན་པའི་བྱེད་ཐབས་བཅས་ལ་བརྟེན་པ་དང་། ས་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་པ། དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱེད་པ་བཅས་བྱས་ནས་མངའ་རིས་ས་ཁུལ་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ཏེ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་། མངའ་རིས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།