[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>སྤྱི་ཚོགས་འགན་སྲུང་།
  • ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁུངས་ཆབ་མདོ་ནས་ཡིན་པའི་མི་སྣ་ལས་ཞུགས་བྱེད་དུ་བཅུག་པའི་ཁེ་ལས་ལ་ཁ་གསབ་སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-02

    ཟླ་10ཚེས་30ཉིན་གྱི་སྔ་དྲོ་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་སྐྱེ་ཁུངས་ཆབ་མདོ་ནས་ཡིན་པའི་མི་སྣ་ལས་ཞུགས་བྱེད་དུ་བཅུག་པར་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་ཁག་དང་པོ་སྤྲོད་པའི་མཛད་སྒོ་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་གཉེར་བ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་ཁག་དང་པོ་ཐོབ་པའི་ཁེ་ལས་གྲས་སུ་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་ཆབ་མདོ་ཡན་ལག་ཀུང་སི་དང་། མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི། གཡུ་ལུང་ཟངས་གཏེར་མ་རྐང་ཚད་ཡོད་ཀུང་སི། སྨར་ཁམས་གསེར་གྱི་སྐལ་བཟང་ཆུ་གློག་ཀུང་སི། ཧྭ་རུན་ཞོལ་ཧྭ་སྦི་རག་ཚད་ཡོད་ཀུང་སི་སོགས་ཚན་པ་12ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་ཀྱིས་ལས་ཞུགས་བྱེད་དུ་བཅུག་པའི་སྐྱེ་ཁུངས་ཆབ་མདོ་ནས་ཡིན་པའི་མི་སྣའི་གྲས་སུ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ། ངལ་རྩོལ་ནུས་ཤུགས་ལྷག་མ་སོགས་ཚུད་ཡོད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁུངས་ཆབ་མདོ་ནས་ཡིན་པའི་མི་སྣ་ལས་ཞུགས་བྱེད་དུ་འཇུག་མཁན་ཁེ་ལས་ལ་ཞིབ་ཕྲའི་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ཚད་གཞི་ཇི་འདྲ་ཡིན་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་སྟེ། ཆབ་མདོར་ཡོད་པའི་ཁེ་ལས་ཁག་གིས་རྩལ་ནུས་གསོ་སྦྱོང་བྱས་རྗེས་ཚད་གཞི་ལོན་པའི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལས་ཞུགས་བྱེད་དུ་བཅུག་ནས་ལོ་གཅིག་ཡན(ལོ་གཅིག་ཚུད་པ)གྱི་ངལ་རྩོལ་གན་རྒྱ་འཇོག་པ་དང་། གཏན་འཇགས་ལས་ཞུགས་ལོ་གཅིག་ཡན(ལོ་གཅིག་ཚུད་པ)བྱེད་དུ་བཅུག་པའི་རིགས་ལ་ཁེ་ལས་ཀྱིས་མི་རེར་ལས་ཞུགས་གོང་གི་གསོ་སྦྱོང་ཁ་གསབ་སྒོར་1000སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་། མཐོ་སློབ་ཐོན་པའི་སློབ་མ་ལས་ཞུགས་བྱེད་དུ་བཅུག་ནས་སློབ་མ་དང་ལོ་གཉིས་ཀྱི་གན་རྒྱའམ་གྲོས་མཐུན་བཞག་པའི་རིགས་ལ་བྱ་དགའ་དངུལ་སྒོར་5000སྤྲོད་རྒྱུ། གན་རྒྱའམ་གྲོས་མཐུན་ལོ་3བཞག་པའི་རིགས་ལ་བྱ་དགའ་དངུལ་སྒོར་12000སྤྲོད་རྒྱུ། གན་རྒྱའམ་གྲོས་མཐུན་ལོ་5ཡན་བཞག་པར་བྱ་དགའ་དངུལ་སྒོར་20000སྤྲོད་རྒྱུ་བཅས་རེད། འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་མ་ལས་ཞུགས་བྱེད་དུ་བཅུག་ནས་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་རིགས་ལ་མི་སྤྱོད་ཚན་པས་མི་རེར་ལས་ཞུགས་གོང་གི་གསོ་སྦྱོང་གི་ཁ་གསབ་དངུལ་སྒོར་1500སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།