[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>ཆེད་རྩོམ།
  • དམངས་འཚོར་ཕན་པ་བསྐྲུན་ཏེ་ཞི་མཐུན་བཏོད།

    བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་བསུ་བ་ཞུ་བའི་ཆེད་སྤེལ་རྩོམ་ཡིག་བདུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-12

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས“དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དམངས་འཚོ་གཙོ་བོར་འཛིན་པ་དང་དམངས་འཚོ་སྔོན་ལ་འཕེལ་རྒྱས་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་རྣམས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྐྲུན་མཉམ་སྤྱོད་བྱེད་དུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    རྩ་བ་མང་ཚོགས་ཀྱི་སེམས་ཀྱི་ཞིང་སར་བརྟན་པོ་ཚུགས་ཚེ་གཞི་ནས་མང་ཚོགས་དང་གཅིག་སེམས་གཅིག་སྦྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་དངོས་འབྲེལ་བྱེད་ཐུབ།

    དམངས་འཚོའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་སྤྱི་ཡོངས་ཀྱི་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཡོད། “དམངས་འཚོའི་དོན་དངོས་བཅུ”ནས“དམངས་ཕན་གྱི་བྱ་ཐབས་གསར་པ་11”བར་དང་། “བདེ་སྡོད་ལས་གྲྭ”ནས“དྲོད་རླངས་མཁོ་འདོན་ལས་གྲྭ”བར། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པའི་བར་སོགས་བོད་ཀྱིས་དམངས་འཚོ་འཛུགས་སྐྱོང་གི་གོམ་སྟབས་ད་བར་མཚམས་གཏན་ནས་འཇོག་མྱོང་མེད། དམངས་འཚོའི་འདུ་འགོད་དེ་དག་བདེ་སྡོད་དང་། ལས་ཞུགས། མ་མཐའི་འཚོ་བའི་འགན་ལེན། སྤྱི་ཚོགས་རོགས་སྐྱོབ། སློབ་གསོ། སྨན་བཅོས། སྤྱི་ཚོགས་ཕན་བདེ་སོགས་དང་འབྲེལ་ནས་མི་རིགས་ཁག་དང་རིམ་པ་ཁག་ལ་ཕན་ཐོགས་པ་མ་ཟད། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དུད་ཚང་དབུལ་པོ་དང་། ཡོང་འབབ་ཉུང་བའི་ཁྱིམ་ཚང་། ཉམས་ཞན་ཚོགས་སྤྱི་སོགས་ལ་ཕན་ཆེན་པོ་ཐོགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བསྔགས་བརྗོད་རྒྱ་ཁྱབ་དང་བརྩི་བཀུར་མཐའ་གཅིག་ཏུ་བྱེད།

    ལྷ་ས་གྲོང་ཁྱེར་གྱིས“དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་ལ་འཁོད་པའི”འཐབ་ཇུས་ལག་ལེན་བསྟར་མགྱོགས་སུ་བཏང་ཞིང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སློབ་ཞུགས་དང་སྤྱི་ཚོགས་འགན་ལེན་གྱི“ཁོར་ཡུག་གཉིས”ལེགས་སུ་བཏང་བ་དང་། སྨན་བཅོས་དང་། སྡོད་ཁང་། འགྲིམ་འགྲུལ་བཅས་གསུམ་གྱི་ཆ་རྐྱེན་ཡག་ཏུ་བཏང་སྟེ་སྤྱི་པའི་ཐོན་ཁུངས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་ལ་འཇུག་རྒྱུའི་ཁྲིད་སྟོན་གྱིས་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་སྤྱི་ཚོགས་འགན་ལེན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ། སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་བ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས“གནད་སྨིན་གཅིག་དང་གཙོ་གནད་བཞིས”གཙོས་པའི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་ཀྱིས་སློབ་གསོ་སྒྱུར་བཅོས་ཡག་པོ་བྱེད་པ་དང་། ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། གྲོང་གསེབ་གསར་པ་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་མྱུར་གཏོང་བ། ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་དམངས་འཚོ་ལེགས་གཏོང་ལ་ཚད་བརྒལ་གསར་པ་ཡོང་བ་བྱས་ཡོད།

    དམངས་འཚོའི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས།

    མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བྱུང་བ།

    སྡོད་གནས་ཡངས་ཤིང་རྒྱ་ཆེ་བ་དང་། འགྲོ་སྐྱོད་དེ་བས་སྟབས་བདེ་བ། ཁོར་ཡུག་དེ་བས་མཛེས་པ། སྤྱི་ཚོགས་བགོ་འགྲེམས་དེ་བས་དྲང་གཞག་སོགས་རང་སྐྱོང་ལྗོངས་ཀྱིས“ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཧུར་ཐག་བྱེད་དགོས་པའི”བླང་བྱར་གཞིགས་ཏེ། དམངས་གཅེས་དང་དམངས་ཕན་གྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་གྱིས་དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་གཙོ་བོ་ཞིང་འབྲོག་པ་དང་། གཞི་རིམ། ཉམས་ཞན་ཚོགས་སྤྱི་བཅས་ལ་གཟིགས་སྐྱོང་བྱས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་སྟེ་སྤྱི་པའི་འཕྲོད་བསྟེན་ཁྱབ་གདལ་བཏང་ནས་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མ་དངུལ་སྒོར་དུང་ཕྱུར་18བཏང་ནས་འཕྲོད་བསྟེན་གྱི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་དང་། འཕྲོད་བསྟེན་སྒྲིག་གཞི་1435བར་མང་དུ་བཏང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚང་མར་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་ལེན་བསྟར་བ་དང་།

    སློབ་ཁང་དེ་བས་དཀར་ཆ་དོད་པ་དང་སློབ་གསོ་དེ་བས་འདྲ་མཉམ་ཡོད་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་117.89བཏང་བ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་བསྟུད་མར་ཐེངས་ལྔ་སྤར་བ། སློབ་ཞུགས་གོང་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་དུས་མཚམས་བར་ཁྱབ་པ་དང་ཅུང་འཐུས་སྒོ་ཚང་བའི་སློབ་མའི་རོགས་དངུལ་སྲིད་ཇུས་མ་ལག་བཙུགས་པ།

    ལས་ཞུགས་ཐབས་ལམ་ཡངས་བ་དང་འཚོ་བར་དེ་བས་འགན་ལེན་ཡོད་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་16.9གསར་དུ་ལས་ཞུགས་བྱུང་བ་དང་། ཞིང་འབྲོག་པ་མི་ཐེངས་ཁྲི་467ལས་ཞུགས་གཞན་སྒྱུར་བྱས་པ།

    སྡོད་གནས་ཡངས་ཤིང་རྒྱ་ཆེ་བ་དང་འཚོ་བ་དེ་བས་བདེ་སྐྱིད་ལྡན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་278བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བ་དང་ཞིང་འབྲོག་པ་ཁྲི་230ལྷག་ཙམ་སྡོད་ཁང་གསར་པར་སྤོས་པ་རེད།

    དམངས་འཚོའི་རྒྱུགས་ལན་ལྗིད་ཏིག་ཏིག་དེ་ལས་ཏང་ཀྲུང་དབྱང་གིས་དམངས་འཚོར་བཅངས་པའི་བརྩེ་བ་ཟབ་མོ་འདུས་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བར་གཞོལ་བའི་གོམ་སྟབས་བརྟན་པོའི་རྗེས་ཤུལ་ཡང་འཁོད་ཡོད་པ་དང་། དེ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་སྒུག་གསར་པ་དང་འཚམ་པས། མི་སེར་བློ་བདེ་བ་དང་དྲོ་སྐྱིད་ཚོར་ཐུབ་ཡོད། ཁོང་ཚོས་འབྱུང་འགྱུར་ལ་རེ་སྒུག་དེ་བས་ཆེ་བ་ལྡན་པར་གྱུར་ཡོད།

    དམངས་འཚོའི་གྲུབ་འབྲས་མི་སེར་གྱིས་མཉམ་སྤྱོད་བྱས།

    མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་པ།

    2016ལོར། བོད་ཀྱིས་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་མ་དངུལ་སྒོར་དུང་ཕྱུར་167བཏང་སྟེ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་པ་སྟེ། དབུལ་སྐྱོར་བྱ་ཐབས་དང་མ་འཇོག་ལམ་སྲོལ་སྒྱུར་བཅོས་གསར་གཏོད་བྱས་ཏེ། དབུལ་སྐྱོར་ནོར་སྲིད་འགན་ལེན་གྱི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། མ་དངུལ་སྒོར་ཁྲི་770979བསྡུ་སྒྲིལ་བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་མ་བཏང་བ་དང་།

    སྤྱི་ཚོགས་ཀྱི་འགན་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཚོ་བའི་འགན་ལེན་ཚད་གཞི་དམའ་ཤོས་ཟླ་རེར་མི་རེར་སྒོར་590ནས་640བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དམའ་ཤོས་ཟླ་རེར་མི་རེར་སྒོར་2350ནས་2550བར་མཐོ་རུ་བཏང་བ་རེད། དབང་པོ་སྐྱོན་ཅན་དབུལ་པོའི་འཚོ་བའི་ཁ་གསབ་རོགས་དངུལ་དང་དབང་སྐྱོན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཁག་10%སོ་སོར་སྤར་བ་དང་། མ་དངུལ་སྒོར་ཁྲི་2000བཏང་ནས་འཁོས་ཀ་ཞན་པའི་ལོ་ན་བགྲེས་པ་དང་ངལ་ནུས་མེད་པའི་རྒན་རྒོན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་ཏེ་གཞི་རྩའི་རྒན་གསོའི་ཞབས་ཞུ་དོ་སྙོམས་ཡོང་བ་བྱས་པ།

    ཁེ་ལས་ཀྱི་ལས་འཁྱུར་དང་ངལ་གསོ་བརྒྱབ་པའི་མི་སྣའི་རྒན་གསོའི་དངུལ་གྱི་ཐོབ་ཆའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་ལས་འཁྱུར་དང་ངལ་གསོ་བརྒྱབ་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་7%མཐོ་རུ་བཏང་ནས་ཆ་སྙོམས་ཟླ་རེར་མི་རེར་སྒོར་3652ནས་3908བར་སྤར་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་ཀྱི་རྒན་གསོ་འགན་བཅོལ་དངུལ་ཆ་སྙོམས་ཟླ་རེར་མི་རེར་སྒོར་140ནས་སྒོར་150བར་མཐོ་རུ་བཏང་བ།

    ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་ཆ་སྙོམས་ལོ་རེར་མི་རེར་སྒོར་420ནས་435བར་སྤར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་ཆ་སྙོམས་ལོ་རེར་མི་རེར་སྒོར་380ནས་420བར་སྤར་བ།

    སློབ་གསོའི་འཇོན་ཐང་ཅན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཞིང་། སྟོན་དུས་ཀྱི་སློབ་དུས་གསར་པ་འགོ་ཚུགས་པ་ནས་བཟུང་། སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་ལོ་རེར་སློབ་མ་རེར་སྒོར་3000ནས་3240བར་མཐོ་རུ་བཏང་བ་དང་། མ་དངུལ་སྒོར་ཁྲི་30527བཏང་ནས་ཉིན་རེར་སློབ་མ་རེར་སྒོར་4དང་ལོ་རེར་སྒོར་200ཡི་ཚད་གཞིའི་ཐོག་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བཅུད་ལེགས་གཏོང་འཆར་གཞི་མུ་མཐུད་ལག་ལེན་བསྟར་བ་རེད། མ་དངུལ་སྒོར་ཁྲི་10000བཏང་ནས་མཐོ་གྲང་གསོ་རླུང་དཀོན་པའི་སློབ་གྲྭ་འབྲིང་ཆུང་དུ“ཡོད་པ་བཞིའི”འདུ་འགོད(དྲོད་འཁྱམ་དང་། ཁྲོན་པ། འཁྲུད་ཁང་། ཚལ་དོང་བཅས་ཡོད་པ)མུ་མཐུད་ལག་ལེན་བསྟར་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།