[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཁ་གཏད་བོད་སྐྱོར་ལོ་ངོ་20འཁོར་བར་དྲན་གསོ་ཞུ།
  • ཧུའུ་པེས་ཕུགས་ལ་དམིགས་ནས་ཚན་སློབ་བོད་སྐྱོར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2014-08-10

        2014ལོའི་ཟླ་6ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པའི་མཚམས་བོད་ཀྱི་ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་མི་དམངས་སྨན་ཁང་ལ་སྐྱེས་ནས་ཆུ་ཚོད་དྲུག་ཀྱང་མི་སོང་བའི་ཕྲུ་གུ་དམར་འབྱར་ཞིག་ཁ་ནས་ལྦུ་བ་སོབ་སོབ་དོན་པ་དང་། དབུགས་འཚང་བ། གདོང་གཤིས་ཐལ་མདོག་ཏུ་གྱུར་ནས་སྨྲེ་ངག་བར་མི་ཆད་པ་འདོན་པའི་སྐབས་ལ། “མགྱོགས་པོ་སྨན་པ་ལི་ལགས་ལ་ཁ་པར་རྒྱོབས་དང ”ཞེས་ས་གནས་ཀྱི་ལས་རེས་སྨན་པ་ཞིག་གིས་ནད་ངོ་ཅི་ཡིན་མི་ཤེས་སྟབས་ཧུའུ་པེ་ནས་ཡོང་བའི་བོད་སྐྱོར་སྨན་པ་ལི་ཀུད་ཧྥེན་འཕྲལ་དུ་སྐད་བཏང་། མཚན་གང་ལས་རེས་འཁེལ་བའི་སྨན་པ་ལི་ལགས་ཉལ་ཁང་དུ་སླེབས་མ་ཐག་ཁ་པར་འབྱོར་ནས་འཕྲལ་མར་སྨན་ཁང་ལ་འགྲོ་དགོས་བྱུང་། དེ་ནི་གསོན་ཚད་ཧ་ཅང་དམའ་བའི་དམར་འབྱར་གྱི་ནད་རིམས་ཤིག་ཡིན་སྟབས་སྨན་པ་ལི་ལགས་ཀྱིས་འཕྲལ་སྡོམ་གསོ་བཅོས་དགོས་པའི་ཇུས་གཞི་ལྟར་སྨན་པ་ཚོས་འཕྲལ་དུ་མྱུར་སྐྱོབ་ལས་ལ་གཞོལ་ཞིང་། སྐར་མ་ཞེ་ལྔ་ཙམ་ཕྱིན་རྗེས་གཞི་ནས་དམར་འབྱར་གྱི་དབུགས་འཚངས་པ་འཇགས་ནས་གདོང་གཤིས་ཀྱང་རིམ་བཞིན་དམར་པོར་གྱུར་པ་དང་། ཉིན་བཅུ་ཡི་རྗེས་མིང་ཡང་བཏགས་མེད་པའི་ཕྲུ་གུ་དེ་སྨན་ཁང་ནས་དོན་པའི་སྐབས་ཁྱིམ་བདག་སྐལ་བཟང་ཡོན་ཏན་དང་པད་མ་སྒྲོལ་མས་སྨན་པ་ལི་ལགས་ལ་ཐུགས་རྗེ་ཆེ་ཞུ་དུས་སྨན་པ་ལི་ལགས་ཀྱིས་འཛུམ་དམུལ་དམུལ་ངང་ཕྲུ་གུ་དམར་འབྱར་པང་དུ་བཏབ་ནས་འོ་ཞིག་བྱས།

        ཧུའུ་པེས་བོད་ལ་ཁ་གཏད་བོད་སྐྱོར་ལོ་20བྱེད་རིང་བོད་ཀྱི་ལྷོ་ཁ་ས་ཁུལ་ལ་དེ་འདྲའི་མི་སེམས་འགུལ་པའི་བྱ་བ་མང་དག་ཅིག་མཐོང་རྒྱུ་ཡོད། ཧུའུ་པེ་ནི་ཚན་སློབ་དར་རྒྱས་ཆེ་བའི་ཞིང་ཆེན་ཞིག་ཡིན་ཡང་དཔལ་འབྱོར་སྟོབས་ཤུགས་དེ་ཙམ་ཆེན་པོ་མེད་སྟབས་རྒྱུ་དངོས་གཉིས་ནས་བོད་སྐྱོར་བྱ་རྒྱུར་དཀའ་ངལ་ཡོད་མོད། འོན་ཀྱང་ལོ་20རིང་ཧུའུ་པེས་ཚན་རྩལ་ལ་བརྟེན་པ་དང་། ཤེས་ལྡན་པའི་ལེགས་ཆ་བཏོན་ནས་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ་སོགས་ཐད་ནས་བོད་ལ་རིག་སྟོབས་ཀྱི་བོད་སྐྱོར་གཙོ་བོར་བྱས་པས་ལྷོ་ཁ་ས་ཁུལ་ཉིད་ཡུན་རིང་འཕེལ་རྒྱས་དང་རྒྱ་བོད་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་གྱི་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད། ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ནི་1994ལོའི་སྒོར་903ནས་ད་ཆ་སྒོར་7099བར་ཟིན་པ་དང་ཆ་སྙོམས་མི་རེའི་ཚེ་ཚད་ལོ་རབས་ལྔ་བཅུའི་དུས་ཀྱི་ལོ་36ནས་ད་ཆའི་ལོ་67བར་ཡིན་པ་རེད།

        “ལམ་གློག་ཆུ་གསུམ་ཤར་གཏོང་ཐུབ་ལ་དགུན་དུས་ཀྱང་སྔོ་ཚལ་བཟའ་རྒྱུ་ཡོད་པས་ཚང་མ་བདེ་སྐྱིད་འཚོ་བར་ཅི་དགར་རོལ་བ་མཐོང་སྟབས་བོད་སྐྱོར་ལས་བྱེད་པ་དངོས་ནས་ཡག་པོ་འདུག ”ཅེས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་བཙན་ཐང་གྲོང་ལྷན་གྱི་ཧྲུའུ་ཅི་ཚེ་རིང་གིས་དེ་ལྟར་བསྔགས་བརྗོད་བྱས། “ཞིང་ཆེན་གྱིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར ”དང་། “གྲོང་ཁྱེར་གྱིས་རྫོང་ལ་ཁ་གཏད་རོགས་སྐྱོར ” “རྫོང་གིས་ཤང་ལ་ཁ་གཏད་རོགས་སྐྱོར ”“ཤང་གིས་གྲོང་ཚོར་ཁ་གཏད་རོགས་སྐྱོར ” “སྡེ་ཚན་གྱིས་སྡེ་ཚན་ལ་ཁ་གཏད་རོགས་སྐྱོར ”བཅས་ཆ་སྒྲིག་རོགས་སྐྱོར་བྱེད་པ་ནི་ཧུའུ་པེས་ཁ་གཏད་བོད་སྐྱོར་བྱེད་པའི་གཞི་རྩའི་རྣམ་པ་ཞིག་ཡིན། སྣེ་གདོང་རྫོང་ནི་ཝུའུ་ཧན་གྱི་ཁ་གཏད་བོད་སྐྱོར་བྱ་ཡུལ་ཞིག་སྟེ། ལོ་20རིང་རྣམ་གྲངས་དང་ཐོན་ལས་ཐོག་ནས་བོད་སྐྱོར་བྱས་པ་བརྒྱུད་སྣེ་གདོང་རྫོང་ཉིད་ལྷོ་ཁ་ས་ཁུལ་གྱི་རྗེས་ལུས་རྫོང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་རྫོང་དུ་གྱུར་ཅིང་།

        2013ལོར་སྣེ་གདོང་རྫོང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8562ཟིན་ནས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི “ཐོན་ལས་དང་། རྟེན་གཞི། ཤེས་ལྡན་པ་བཅས་ཟུང་དུ་འབྲེལ་བའི ”བོད་སྐྱོར་གྱི་ལུ་གུ་བརྒྱུད་འབྲེལ་གྱི་ཝུའུ་ཧན་གྱི་བྱེད་སྟངས་ཤིག་གྲུབ། ཐོན་ལས་རྣམ་གྲངས་འཕེལ་རྒྱས་གཏོང་རོགས་བྱས་པ་དང་ཆབས་ཅིག་ཝུའུ་ཧན་གྲོང་ཁྱེར་གྱིས་ཆེད་ལས་ལག་རྩལ་པ་120ལྷག་ཙམ་སྔ་རྗེས་སུ་བཏང་ནས་རྣམ་གྲངས་དང་མཉམ་དུ་ལག་རྩལ་རོགས་སྐྱོར་བྱས་པ་མ་ཟད། “བརྒྱུད་རོགས་ཁྲིད་གསུམ ”བྱས་པ་བརྒྱུད་ས་གནས་དེ་གའི་ཤེས་ལྡན་ལག་རྩལ་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཝུའུ་ཧན་གྱི་རིགས་གཅིག་མཁས་པས་མཛུབ་ཁྲིད་བྱས་པར་བརྟེན་ས་མཐོའི་སྔོ་ཚལ་དང་། ཉི་འོད་དྲོད་ཁང་། ཁྱད་ལྡན་འདེབས་འཛུགས། གསོ་སྤེལ་ལས་རིགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཉིད་སྣེ་གདོང་རྫོང་གི་དཔལ་འབྱོར་འཕར་གཞི་གསར་པར་གྱུར།

        རྣམ་གྲངས་ཆེན་པོས་འཕེལ་རྒྱས་ལ་སྐུལ་ཁྲིད་ཤུགས་ཆེན་བྱས་ཤིང་། ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སི་ནི་ཧུའུ་པེས་ཁེ་ལས་ལ་བརྟེན་ནས་བོད་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན། ལོ་10ཡི་རིང་རྣམ་གྲངས་ཀྱི་དུས་ཐེངས་གཉིས་ལ་ཁྱོན་སྒོར་དུང་ཕྱུར་2ལྷག་ཙམ་བཏང་བར་2013ལོ་ཁོ་ནར་ས་གནས་དེ་གར་ཁེ་སྤོགས་ཀྱི་ཁྲལ་སྒོར་དུང་ཕྱུར་4ལྷག་ཙམ་འཇལ་བ་མ་ཟད། རྣམ་གྲངས་དེའི་ནང་ལས་གནས་650ལྷག་ཙམ་ལ་ཐད་ཀར་ལས་ཞུགས་ཐུབ་པའི་ཁྲོད་བོད་རིགས་ལས་མིས་གསུམ་ཆ་གཉིས་ཟིན་ཡོད། ཐོག་མའི་འཛུགས་སྐྲུན་སྐབས་ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སིས་དེ་སྔའི་ཚོགས་པ་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་པ་དང་ལག་རྩལ་པ་ཁག་གཅིག་བོད་སྐྱོར་བྱེད་པར་མངགས་ཤིང་། ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་སྤྱི་གཉེར་བ་གཞོན་པ་ཆིའུ་ཝང་གིས “གསོ་སྐྱོང་ལོ་10བྱས་པ་བརྒྱུད་ད་ཆ་ང་ཚོའི་ལག་རྩལ་རྐང་འཛིན་པ་ཕྱེད་ཀ་ཚང་མ་ནི་ས་གནས་དེ་རང་ནས་ཡིན། ང་ཚོས་གཞིས་རྩེ་ས་ཁུལ་ལ་ཡན་ལག་ཀུང་སི་ཞིག་གསར་འཛུགས་བྱེད་བཞིན་ཡོད། དེའི་ལག་རྩལ་རྐང་འཛིན་པ་ཚང་མ་ཡང་ལྷོ་ཁ་ནས་ཡོང་བ་ཤ་སྟག་ཡིན ”ཞེས་གསར་འགོད་པར་བཤད། འདི་ལོའི་ཟླ་12ལ་ཧྭ་ཤིན་ཨར་འདམ་གཞིས་རྩེ (གངས་ལྷ་མེ་ཏོག )ཚད་ཡོད་ཀུང་སིས་ཉིན་རེར་ཨར་འདམ་ཏུན་2000ཐོན་སྐྱེད་བྱེད་པའི་འཁོར་ལམ་གསར་པ་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པས། གལ་སྲིད་ཐོན་སྐྱེད་བྱེད་འགོ་བཙུགས་ཚེ་ས་གནས་ལ་གནས་ཐང་འཕར་ཁྲལ་སྒོར་ཁྲི་6000ལྷག་ཙམ་འཇལ་ཐུབ་རྒྱུ་རེད། ཤེས་ལྡན་པ་ནི་བོད་རིགས་ས་ཁུལ་བརྟན་ལྷིང་འཕེལ་རྒྱས་ཡོང་བའི་རྩ་བ་ཡིན། ཧུའུ་པེས་སློབ་གྲྭ་དང་། སྨན་ཁང་། ཚན་རིག་ཞིབ་འཇུག་ཁང་། གཞུང་ཁོངས་ཁེ་ལས་ཆེ་འབྲིང་སོགས་ལ་ཁ་གཏད་བོད་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་བརྒྱ་དང་། ཤེས་ལྡན་པ་བརྒྱ། ལག་རྩལ་རྐང་འཛིན་པ་སྟོང་བཅས་ཀྱི “བརྒྱ་གཉིས་དང་སྟོང་གཅིག ”གི་ཤེས་ལྡན་པའི་བོད་སྐྱོར་འདུ་འགོད་ལག་ལེན་བསྟར་བར་སློབ་གསོ་དང་། འཕྲོད་བསྟེན། འགྲིམ་འགྲུལ། ཆུ་བེད། ཞིང་འབྲོག་སོགས་ཀྱི་ལག་རྩལ་པ་སྣ་ཚོགས་ཁག་18ལ་བགོས་ཏེ་མི་ཐེངས་328བོད་སྐྱོར་བྱེད་པར་མངགས་པ་དང་། ཁོང་ཚོས་བོད་རིགས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རང་དཀྲིའི་ལས་གནས་ལ་གཞིས་ཚུགས་པ་དང་སྦྲགས་སློབ་མ་སྐྱོང་བའི་ལས་འགན་གསར་པ་དང་དུ་བླངས་ཤིང་། ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱིས་ཧུའུ་པེའི་རིགས་གཅིག་མཁས་པ་མི་ཐེངས་ཁྲི་གཅིག་ལ་ཉེ་བའི་ལག་རྩལ་མཛུབ་ཁྲིད་དང་ལས་སྒོ་གསོ་སྦྱོང་དང་ལེན་བྱས་པ་མ་ཟད། ཧུའུ་པེས་ཐེམ་ཐོ་ཧུའུ་པེ་ནས་ཡིན་པའི་སློབ་ཆེན་སློབ་མ་བོད་ཀྱི་མཐའ་མཚམས་ལ་རོགས་སྐྱོར་བྱ་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པར་ན་ནིང་ཁོ་ནར་ལོ་འདི་གའི་སློབ་ཐོན་སློབ་མ་328བོད་ཀྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་ཡོང་ཡོད།

        ཧུའུ་པེའི་ཤེས་ལྡན་པ “གདན་དྲངས་པ ”དང་བོད་ཀྱི་ཤེས་ལྡན་པ “ཕྱིར་བསྐྱོད་པ ”བྱས་ཤིང་། ཉེ་བའི་ལོ་10ཙམ་ནང་ཧུའུ་པེས་ལྷོ་ཁའི་ལས་བྱེད་པ་དང་ལག་རྩལ་པ་500ལྷག་ཙམ་གསོ་སྦྱོང་བྱས་ནས་སྤྱིར་ལྷོ་ཁ་ས་ཁུལ་དུ་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་དང་ལག་རྩལ་རིམ་པ་འབྲིང་བ་ཡན་གྱི་གོ་མིང་ལྡན་པ་དེ་དག་ཧུའུ་པེར་གསོ་སྦྱོང་ཐེངས་གཅིག་བྱེད་ཐུབ་པ་བྱུང་ཡོད། ད་དུང་ཧུའུ་པེས་སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཧུའུ་པེར་སློབ་སྦྱོང་ལ་བཏང་ནས་བོད་ནས་ཕྱིར་མི་བསྐྱོད་པའི་ཤེས་ལྡན་པའི་དཔུང་ཁག་གསོ་སྦྱོང་བྱས་པར་ད་ཆ་ཝུའུ་ཧན་གྱི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་1700ལ་ཉེ་བ་ཡོད།

        2005ལོར་ཧུའུ་པེ་ཞིང་ཆེན་གྱིས་ཧུའུ་པེས་བོད་ལྗོངས་སློབ་འབྲིང་ས་གནས་ནས་ཝུའུ་ཧན་གྲོང་ཁྱེར་དུ་སྤོས་རྗེས་སྒོར་དུང་ཕྱུར་2.5བཏང་སྟེ་སྒྲིག་ཆས་རྩེ་གྲའི་སློབ་ཁུལ་གསར་པ་ཞིག་བསྐྲུན་པ་དང་སྦྲགས་དགེ་རྒན་རྩེ་གྲ་ཡང་བཏང་ཞིང་། ལོ་5བསྟུད་མར་བོད་ལྗོངས་སློབ་འབྲིང་ནས་རྒྱལ་ཡོངས་ཀྱི་སློབ་ཆེན་རྒྱུགས་སྤྲོད་ནང་དངོས་གཞིའི་ཚན་ཁག་གཙོ་བོར་ཚུད་ཚད་100%ཟིན་ཡོད། ལོ་9ཡི་རིང་སློབ་ཆེན་སློབ་མ་2000ལ་ཉེ་བ་ཐོན་པའི་བོད་ལྗོངས་སློབ་འབྲིང་ཉིད་བོད་ཀྱི་ཤེས་ལྡན་པའི་འབྱུང་གནས་ཤིག་ཏུ་གྱུར།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员