[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>རིག་གནས་ཤུལ་བཞག་ཉིན་མོ་ཐེངས་བཅུ་པའི་ཆེད་སྒྲིག>གསར་འགྱུར།
  • ལོ་བཅུའི་ནང་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བཏང་བ།

    ​ བོད་ཀྱི་སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-06-17

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་15ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། 2005ལོར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་སྤེལ་བ་ནས་བཟུང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་་ན་མ་དངུལ་སྒོར་དུང་ཕྱུར་1.3དང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང་ཁག་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་4000བཏང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནུས་ཤུགས་ཡོད་རྒུས་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་པ་རེད། མིག་སྔར་བོད་ཀྱི་རྒྱུན་ཆད་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་གཅིག་སྲུང་སྐྱོབ་བྱེད་པའི་ཁྲོད་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཐུབ་པ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2005ལོར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱས་པ་བརྒྱུད་ལྗོངས་ཡོངས་སུ་ཟིན་བྲིས་ཁྲི་10ལྷག་ཙམ་དང་། སྒྲ་བརྙན་འོད་སྡེར་1500ལྷག་ཙམ། པར་རིས་ཁྲི་4ལྷག་ཙམ་བཅས་ཚུར་བསྡུ་བྱས་ཡོད། ཡོངས་ཁྱབ་ཞིབ་བཤེར་བྱས་པ་གཞིར་བཟུང་མིག་སྔར་ལྗོངས་ཡོངས་སུ་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་ལག་རྩལ། སྲོལ་རྒྱུན་སྨན་བཅོས་དང་སྨན་རྫས་སོགས་མངོན་མིན་རིག་གནས་ཤུལ་བཞག་རིགས་10རྙེད་པ་དང་མངོན་མིན་རིག་གནས་རྣམ་གྲངས་800ཙམ་ཤེས་རྟོགས་ཐུབ་པ་རེད།

    མངོན་མིན་རིག་གནས་ཤུལ་བཞག་གི་སྣོད་བཅུད་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་བོད་ཀྱིས་2011ལོར་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་30ལ་ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་རྟེན་གཞིའི་མིང་བཏགས་པ་དང་འབྲེལ་རིམ་རྩིས་བྱས་ན་སྒོར་ཁྲི་400ཙམ་བཏང་ནས་ཁྲིད་སྦྱོང་རྟེན་གཞིའི་སྒྲིག་ཆས་དང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་རིགས་ཁག་གི་རྒྱུན་འཛིན་བྱེད་སྒོ་སྤེལ་བ་སོགས་ཐད་སྤྱད་པ་རེད།

    སྲུང་སྐྱོབ་བྱེད་ཐབས་རབ་དང་རིམ་པ་བཏོན་པ་ལས་བོད་ཀྱི་ཁ་ཚ་དགོས་གཏུགས་ངང་མྱུར་སྐྱོབ་བྱེད་དགོས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་གཅིག་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཐུབ་ཡོད། སྐྱིད་སྐྱིད་ཀྱིས་མིག་སྔར་བོད་དུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར) རྫོང་བཅས་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་མ་ལག་བཙུགས་ཤིང་། བོད་རིགས་ཀྱི་གནམ་རིས་སྐར་རྩིས་སོགས་མཚོན་བྱེད་རྣམ་གྲངས་ཁག་89རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཀྱི་མིང་ཐོའི་ནང་ཚུད་པ་དང་། གླིང་སྒྲུང་ཤོད་མཁན་ཚེ་རིང་དགྲ་འདུལ་སོགས་མི་68རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རྒྱུན་འཛིན་པར་ཚུད་པ། མཚོན་བྱེད་རྣམ་གྲངས་ཁག་323དང་རྒྱུན་འཛིན་པ་350རང་སྐྱོང་ལྗོངས་རིམ་པའི་མིང་ཐོའི་ནང་ཚུད་པ་བཅས་རེད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།