[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༥འཁོར་བ།>གསར་འགྱུར་གསར་ཤོས།
  • ས་མཐོར་རབ་ཏུ་བཞད་པའི་གངས་ལྷ་མེ་ཏོག

    དུས་རབས་གསར་པའི་བོད་ཀྱི་བུད་མེད་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲུན་ལ་དང་ལི་ཕུང་གིས།    |    སྤེལ་དུས།   2016-05-27

    “ང་རང་གྲོང་གསེབ་ཏུ་འཚར་ལོངས་བྱུང་བ་ཞིག་ཡིན་པས་བྱིས་དུས་ཀྱི་འཚོ་བ་འཁྲུག་པོ་དེ་ཙམ་མེད། ཆུང་དུས་ནས་ང་རང་སློབ་གྲྭར་ཧ་ཅང་འགྲོ་འདོད་ཆེ་བས་སློབ་གྲྭ་ནས་ཉིན་གཅིག་དགོངས་པ་ཞུས་ཀྱང་ཁྱིམ་དུ་དོན་མེད་ཉིན་བདུན་བསྡད་པའི་སྣང་བ་ཡོང་གི་འདུག”ཅེས་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཉི་མ་སྒྲོལ་མས་ཆུང་ངུའི་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད་བྱུང་།

    ཉི་མ་སྒྲོལ་མ་ནི་ད་ཆ་བོད་ཀྱི་ཞིང་ལས་ཞིབ་འཇུག་ཁྱབ་ཁོངས་ནང་གི་སྣེ་ཁྲིད་མི་སྣ་ཞིག་དང་གཟེངས་བསྟོད་ཐེངས་མང་ཐོབ་མྱོང་བའི་ཕུལ་བྱུང་ཞིང་ལས་ཚན་རིག་ལས་དོན་པ་ཞིག་ཡིན་པ་དང་། དེ་སྔ་སློབ་གྲྭའི་ནང་ཤེས་བྱ་སྦྱོང་བར་བསྐྱོད་རྒྱུ་ནི་ཁོ་མོའི་བསམ་འདུན་ཆེ་ཤོས་དེ་ཡིན་ཞིང་། གྲོང་ཚོའི་སློབ་ཆུང་དང་། རྫོང་སློབ་འབྲིང་། མཐོ་རིམ་སློབ་འབྲིང་སོགས་སུ་རྒྱལ་ཁབ་སློབ་གསོའི་བོད་སྐྱོར་སྲིད་ཇུས་ཀྱི་ཕན་པ་ཐོབ་པའི་དབང་གིས་ཉི་མ་སྒྲོལ་མའི་ཕུགས་འདུན་རེ་རེ་བཞིན་བདེ་བླག་ངང་མངོན་འགྱུར་བྱུང་ནས་1985ལོར་ནུབ་བྱང་ཞིང་ལས་སློབ་ཆེན་ཞིང་ལས་ཚན་ཁག་ནས་ཐོན།

    ལོ་ངོ་30ལྷག་ཙམ་རིང་ཉིན་གཅིག་ལྟར་བོད་ཀྱི་ས་ཆ་ཁག་གི་གྲོང་གསེབ་ཏུ་བསྐྱོད་ནས་པད་ཁའི་ས་བོན་གསར་པ་འདེབས་གསོའི་རྣམ་གྲངས་ལས་དོན་སྤེལ་ནས་ཞིང་པ་ཚོ་དང་མཉམ་དུ་ས་བོན་འདེབས་པའི་ལས་ལ་ཞུགས། བསྔགས་བརྗོད་ཀྱི་མེ་ཏོག་སྟོར་མཁན་མེད་མོད། འོན་ཀྱང་ཉི་མ་སྒྲོལ་མས་རྒྱུན་འཁྱོངས་དང་འབད་བརྩོན་བྱས་པ་བརྒྱུད་རྒྱ་ཆེའི་མི་སེར་ཚོར་ཐོན་འཕར་འབབ་འཕར་བྱུང་ཡོད་ལ། 2012ལོར་ཉི་མ་སྒྲོལ་མ“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ་ལེགས་གྲས་བཅུ”དང“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པར”བདམས།

    “ཚན་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཇི་ལྟར་བྱས་ནས་ཞིང་པའི་དཀའ་ངལ་སེལ་བ་དང་ཇི་ལྟར་བྱས་ནས་བོད་ཀྱི་ཞིང་ལས་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་བོད་ཀྱི་ཞིང་ལས་འཕེལ་རྒྱས་རྒྱལ་ནང་དང་གཅིག་མཚུངས་ཡོང་བ་བྱེད་པའི་ཐད་ངས་སྔ་ཕྱི་བར་གསུམ་དུ་བསམ་བློ་གཏོང་གི་ཡོད། དེ་ནི་ངའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་ཉི་མ་སྒྲོལ་མས་བཤད་བྱུང་།

    ཉི་མ་སྒྲོལ་མ་སློབ་གྲྭ་ཐོན་པའི་ལོ་སྟེ། 1985ལོར་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་གསོའི་ཐད“འགན་ལེན་གསུམ”(ཟས་གོས་དང་སློབ་ཡོན་འགན་ལེན)གྱི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་ཡོད། ཡང་ལོ་དེ་རང་དུ་རྒྱལ་ཁབ་ཀྱིས“ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་བོད་ལྗོངས་འཛིན་གྲྭ་བཙུགས་ནས་བོད་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རོགས་བྱེད་དགོས་པའི”སྲིད་ཇུས་གལ་ཆེན་དངོས་སུ་དོན་འཁྱོལ་བྱེད་འགོ་ཚུགས་ཏེ་ལོ་ལྟར་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་ཆུང་སློབ་ཐོན་སློབ་མ་1300ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་ལྗོངས་འཛིན་གྲྭ་19རུ་སློབ་སྦྱོང་བྱེད་པར་བཏང་བས། བོད་ཀྱི་སློབ་འབྲིང་སློབ་མའི་སློབ་གསོའི་ལེའུ་གསར་པ་རྩོམ་འགོ་ཚུགས།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར་་གཞིགས་ན། 2015ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་1855དང་སློབ་ཁྲིད་ས་ཚིགས་322ཟིན་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་60ལས་བརྒལ་ཡོད་པ་དང་། དེའི་ནང་སློབ་མ་བུ་མོའི་གྲངས་འབོར་སློབ་གྲྭར་འགྲོ་མུས་སློབ་མའི་གྲངས་འབོར་གྱི་50%ཙམ་ཟིན་ཡོད་པ་རེད།

    ཡིན་ནའང་ལོ་65ཡི་གོང་གི་བོད་ཀྱི་མི་སེར་དཀྱུས་མ་དང་ལྷག་དོན་དུ་བོད་རིགས་བུད་མེད་ཀྱི་ངོས་ནས་བརྗོད་ན། དེ་ནི་བསམ་ཚོད་ལས་འདས་པའི་བྱ་བ་ཞིག་རེད།

    བོད་ཀྱི་བུད་མེད་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་མཁས་པ་ཞིག་ཡིན་པའི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མཚམས་གཅོད་སྒྲོལ་མས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་དོན་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གཏན་ལ་ཕབ་པའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་ཕོ་མོ་འདྲ་མཉམ་གྱི་སྲིད་ཇུས་དང་བཅའ་ཁྲིམས་ཀྱིས་བོད་ཀྱི་བུད་མེད་ཚོའི་གནས་བབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་དང་དུས་མཚུངས་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད། དེ་ཐོག་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་དཔལ་ཐད་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ལུགས་ཟུར་བལྟས་ལེབ་མཐོང་རེད་ཅེས་བརྗོད་ཀྱི་འདུག

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་65སོང་ཚུན་ཉི་མ་སྒྲོལ་མ་དང་འདྲ་བའི་གངས་ལྗོངས་ས་མཐོའི་ཕུལ་བྱུང་མེད་མང་དག་ཅིག་གིས་ལས་ལ་བརྩོན་ཞིང་། བློ་རིག་བཀྲ་བ་དང་བླ་ན་མེད་པའི་ཕུགས་བསམ་ལ་བརྟེན་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    བསྡོམས་རྩིས་གྲངས་གཞིར་གཞིགས་ན། མིག་སྔར་བོད་དུ་བུད་མེད་ཁྲི་153.21ཟིན་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་གྱི་49.1%བཟུང་ཡོད་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་བུད་མེད་འཐུས་མི་དང་སྲིད་གྲོས་སྐབས་བཅུ་པའི་བུད་མེད་ཨུ་ཡོན་གྱིས་འཐུས་མི་དང་ཨུ་ཡོན་མི་གྲངས་བསྡོམས་འབོར་གྱི་23.2%དང་21.2%སོ་སོར་བཟུང་བ་དང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་གཞུང་ལས་པས་གཞུང་ལས་པའི་མི་འབོར་གྱི་33.8%བཟུང་ཡོད་པ་རེད།

    བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་བོད་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གི་གནས་ཚུལ་སྔར་ན་མེད་པའི་ལེགས་སུ་ཕྱིན་ཁར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ནུས་ལྡན་ཐུབ་ཡོད་པ་རེད།

    བཅར་འདྲི་ཞུ་བའི་བརྒྱུད་རིམ་ནང་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་སྦྲུམ་མ་འཆི་ཚད་དེ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ཁྲི་5000/10ནས་ཁྲི་108.86/10བར་ཆག་པ་དང་ཕྲུ་གུ་དམར་འབྱར་འཆི་ཚད་430‰ནས་16.8‰བར་ཆག་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་སོགས་འགན་བཅོལ་སྣ་ཚོགས་ནང་བུད་མེད་ཞུགས་ཚད་43.5%ཟིན་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ནང་བུད་མེད་ཞུགས་ཚད་ཁྲི་71.14ཟིན་ཡོད་པ་རེད།

    “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ད་བར་བོད་ཀྱི་བུད་མེད་བྱ་གཞག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་འཕེལ་རྒྱས་བྱུང་ཡོད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་བརྒྱུད་རིམ་ནང་ང་ཚོ་རྒྱ་ཆེའི་བུད་མེད་དང་བྱིས་པ་རྣམས་ནི་ཕན་པ་ཐོབ་ཆེ་ཤོས་དེ་ཡིན་ཞེས་བརྗོད་ཆོག”ཅེས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས་ཉེ་ཆར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཀྱི་འདུག

    གངས་ལྗོངས་ས་མཐོར་རབ་ཏུ་བཞད་པའི་དྲི་མེད་དྭངས་གཙང་གི་གངས་ལྷ་མེ་ཏོག་དང་འདྲ་བར་དུས་རབས་གསར་པའི་བོད་རིགས་བུད་མེད་རྣམས་ཏང་གི་སྲིད་ཇུས་བཟང་པོའི་འོག་བོད་ཀྱི་ལས་རིགས་ཁག་གི་སྟོབས་ཤུགས་གསར་པར་གྱུར་ཡོད་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“གནམ་ཕྱེད་ཀ”དེ་བས་བརྟན་པོའི་ངང་འདེགས་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།