[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དགོངས་དོན་གསལ་འགྲེལ།
  • དུས་རབས་གསར་པར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལེའུ་གསར་པ་རྩོམ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    དུས་ཡུན་ཉིན་གཉིས་ཀྱི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་2017ལོའི་ཟླ་12ཚེས་29ཉིན་གྲོལ་བ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ནས་ད་ཐེངས་ཀྱི་ཚོགས་འདུའི་ཐོག“ཞིང་གསུམ”གྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་འབྲེལ་བཀོད་སྒྲིག་ཀྱང་བྱས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས་ནས་ཚོགས་འདུའི་དགོངས་དོན་ལ་ཕྱོགས་ཡོངས་ནས་གསལ་འགྲེལ་བྱ་རྒྱུ་གཤམ་གསལ།

    མཐའ་འཁྱོངས་བྱེད་དགོས་པ་བརྒྱད།

    “ཞིང་གསུམ”ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ་ལས་དོན”ལེགས་པར་སྒྲུབ་པར་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད་ལ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའང་བཏོན་གནང་ཡོད། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་འདི་དག་ནི་རང་རེའི་ཏང་གི“ཞིང་གསུམ”གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆའི་ཆ་གལ་ཆེན། འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་མཛུབ་ཁྲིད་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་བཅས་ཡིན་ལ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་དུས་རབས་གསར་པའི“ཞིང་གསུམ”གྱི་ལས་དོན་ལེགས་པར་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོཌ་སྟོན་ཞིག་ཀྱང་རེད་ཅེས་བསྟན་ཡོད།

    “འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། འདིས་དུས་རབས་གསར་པའི‘ཞིང་གསུམ’ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད”ཅེས་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས་བརྗོད།

    ཚོགས་འདུའི་དགོངས་དོན་གཞིར་བཟུང“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་འདི་དག་ཚུད་ཡོད་པ་སྟེ།

    —— ཏང་གིས་ཞིང་གསུམ་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ“ཞིང་གསུམ”འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    —— གལ་ཆེའི་ནང་གི་འགངས་ཆེའི་འཐབ་ཇུས་ཀྱི་གནས་བབ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དམིགས་སར་འབྱོར་བ་བྱེད་དགོས།

    —— ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས།

    —— རྒྱལ་ནང་དུ་གཞི་ཚུགས་པ་དང་རང་མཁོ་རང་སྤྲོད་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས།

    —— གྲོང་གསེབ་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས།

    —— ལྗང་མདོག་སྣོད་བཅུད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་གྲོང་གསེབ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    —— དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ཞིང་པ་རྣམས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བར་བྱེད་དགོས།

    —— གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་སྡོད་མལ་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཐེངས་དང་པོ་བཏོན་པ།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུཌ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་དུ་སྐྱོད་དགོས།

    ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་དུ་བསྐྱོད་ནས་ཞིང་ལས་མདུན་ལམ་ཡོད་པའི་ཐོན་ལས་དང་། ཞིང་པ་ཡིད་དབང་འཕྲོག་པའི་ལས་རིགས། གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས་ཞེས་ཐེངས་དང་པོ་བཏོན་ཡོད།

    ཀྲུང་གོའི་ཁྱད་ཆོས་གང་ཞིག་ལས་མངོན་ཡོད་དམ་ཞེ་ན། དེའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་ཡེ་ཤིང་ཆིང་གིས“ཞིང་གསུམ”ལས་དོན་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་དང་། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཡོད། འདི་ནི་རང་རྒྱལ་གྱི་ལམ་ལུགས་ཀྱི་ཁྱད་ཆོས་ཤིག་ཡིན་ཞེས་བརྗོད།

    ཁོང་གིས“ང་ཚོའི་གྲོང་གསེབ་དར་རྒྱས་བྱུང་བ་ནི་ཐོན་སྐྱེད་རྒྱུ་ཆ་གལ་ཆེ་ཤོས་ཡིན་པའི་ས་ཞིང་མཉམ་སྡེབ་ལ་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ལས་བྱུང་བ་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས“དབང་བའི་ལམ་ལུགས་ཀྱི་སྒྲིག་གཞི་འདི་འདྲ་བས་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་ཞིང་པ་མ་རྩ་རྡིབ་པ་དང་ཞིང་དུད་ཁ་ཐོར་དུ་འགྲོ་བའི་གནད་དོན་མི་ལྷགས་པར་ཕན་པ་ཡོད་ལ། ཞིང་དུད་ཆུང་ངུ་གནས་མེད་ཕྱོགས་གྱར་གྱི་གནས་སུ་གྱར་ནས་གྲོང་ཁྱེར་དུ་སྐྱོད་པའི་གནད་དོན་མི་ལྷགས་པར་ཕན་པ་ཡོད། འདི་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་མཚོན་ཚུལ་ཞིག་རེད”ཅེས་བརྗོད།

    ད་དུང་ཡེ་ཤིང་ཆིང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་ཆེ་བ་དང་། རྒྱུན་མཐུད་ཐུབ་པ། འགྲན་རྩོད་བྱེད་ནུས་ལྡན་པ་བཅས་ཀྱི་ཐོན་ལས་མ་ལག་ཅིག་བསྐྲུན་ནས་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱེད་དགོས་པ་ལས་ཕན་བདེ་མང་པོ་སྤྲོད་པ་ཁོ་ནར་བརྟེན་ནས་གྲོང་གསེབ་ཀྱི་མི་འབོར་གནས་ཐུབ་པ་བྱ་རྒྱུ་མེད། འདི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད་པས་ཐོན་ལས་དར་རྒྱས་བཏང་བ་བརྒྱུད་གྲོང་གསེབ་དར་རྒྱས་གོང་འཕེལ་ལ་རོགས་སྐྱོར་བྱེད་དགོས་ཞེས་བརྗོད།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།