[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དགོངས་དོན་གསལ་འགྲེལ།
  • ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བརྗོད་ཚུལ་གསར་པ། བྱ་ཐབས་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

    (ལེ་ཚན་གོང་མར་མཐུད)

    འབད་འཐབ་ཀྱི་དམིགས་ཚད་གསར་པ།

    ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོཌ་རིང་ལུཌ་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་བར།

    ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཤིག་རེད། སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས་ལ་བབ་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་འབད་བརྩོན་བྱེད་དགོས་ཞེས་བསྟན་ཡོད།

    འབད་འཐབ་ཀྱི་དམིགས་ཚད་གསར་པའི་བར་ཐག་ནི“ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར”ཡིན་པར་དམིགས་ཚད་ཁག་གསུམ་དང་། དུས་མཚམས་གཉིས། གོམ་སྟབས་གཉིས་བཅས་སུ་ཕྱེ་ཡོད་པ་དེ“ཉེ་དུས་དང་། དུས་དཀྱིལ། རྒྱང་རིང་”བཅས་ཀྱི་དམིགས་ཚད་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད།

    སྙན་སྒྲོན་ནང་གི་བརྗོད་ཚུལ་ལྟར་ན། “དམིགས་ཚད་གསུམ”ཞེས་པ་ནི་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་དང་། 2035ལོར་སླེབས་སྐབས་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པར་བྱེད་པ་དེ་རེད། “དུས་མཚམས་གཉིས”དང“གོམ་སྟབས་གཉིས”ཞེས་པ་ནི་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་འབད་འཐབ་ལོ་བཅོ་ལྔ་གཉིས་སུ་ཕྱེ་ནས་བཀོད་སྒྲིག་བྱས་ཡོད།

    དེའི་ནང་དོ་སྣང་བྱེད་རིན་ཡོད་པ་ནི། སྙན་སྒྲོན་ནང་བཏོན་པའི“2035ལོར་སླེབས་སྐབས་ཀྱི་དམིགས་ཚད”ཅེས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་དེ་སྔ་བཏོན་པའི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་དང་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཟིན་པར་བྱེད་དགོས་པའི་འཕེལ་རྒྱས་ཀྱི་ཆུ་ཚད་2035ལོར་སྔ་སྣུར་དུ་མངོན་འགྱུར་ཡོང་བར་བྱས་ཏེ་འཕེལ་རིམ་ལོ་15ཐུང་དུ་གཏོང་རྒྱུ་དེ་རེད།

    འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད། 

    དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུ།

    འཕེལ་རྒྱས་ནི་ཏང་གིས་སྲིད་འཛིན་རྒྱལ་དར་ཡོང་བའི་ལས་འགན་ཨང་དང་པོ་དེ་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་བས། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། འཕར་བའི་སྒུལ་ཤུགས་གཞན་སྒྱུར་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ནི་འགག་རྩ་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ཅིག་ཀྱང་རེད།

    མི་རྣམས་ཀྱིས་དོ་ཁུར་བྱེད་པ་ཞིག་ནི་སྙན་སྒྲོན་ནང་བཏོན་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱི་སྤྱི་ཡོངས་དང་སྤྱིའི་བཀོད་སྒྲིག་ལ་སྔར་བས་གཙིགས་ཆེན་བྱེད་པ་དེ་རེད། འདི་ནི་རང་རྒྱལ་ཉིད་དུས་རབས་གསར་པར་སླེབས་པའི་ཁྱད་ཆོས་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན་པས་དེ་ནི་སྟབས་བདེའི་ངང་དཔལ་འབྱོར་གྱི་ཚད་བཅད་དམིགས་ཚད་སྐོང་བ་ཙམ་མིན།

    སྙན་སྒྲོན་ནང་། ངེས་པར་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཀྱི་འཕོ་འགྱུར་དང་། ཕན་ནུས་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ཀྱི་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བསྟན་ཡོད།

    ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གསར་པ། 

    ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ།

    དུས་རབས་གསར་པར་སླེབས་རྗེས་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་གསར་པས་སྤྱི་འདོམས་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་པར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བསྟན་ཡོད།

    སྙན་སྒྲོན་ལ་ལྟ་སྐབས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི“མཐའ་འཁྱོངས་14”ཡི་ཁྲོད་གཞི་རྩའི་ཇུས་གཞི་ཆེ་མོ་གྲུབ་པའི“འགོ་མཇུག”གི་དོན་ཚན་དང་པོ་དང་བཅུ་བཞི་པ་ནི“ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས”དང་“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས”བྱེད་དགོས་པ་སོ་སོར་བསྟན་ཡོད། སྙན་སྒྲོན་གྱི་མཇུག་ཏུ“བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་གི་སྲིད་སྐྱོང་འཇོན་ཐང་དང་འགོ་ཁྲིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ”ནན་བཤད་གཙོ་བོ་བྱས་ཡོད་པས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བླང་བྱ་ཁ་གསལ་བསྟན་ཡོད།

    སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་རང་རེའི་ཏང་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་དགོས་པ་བསྟན་ཡོད། “སྐོར་གཟིགས་སྐོར་དཔྱོད་ཐད་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་བ་འཛུགས་པ”དང“རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་པ”སོགས་ཀྱི་བྱེད་ཐབས་གསར་པ་སྙན་སྒྲོན་ནང་འཁོད་པ་ལས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཆ་ཚང་ཞིང་ཞིབ་ཚགས་པ་ཞིག་ཆགས་ཡོད།

    དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་བྱེད་ཐབས་གསར་པ། 

    འཆར་གཞིར་བརྟེན་ནས་ལས་དོན་མཐར་ཕྱིན་པ་སྒྲུབ་པའི་འགན་ལེན་བྱ་རྒྱུ།

    སྙན་སྒྲོན་ནང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་བྱེད་ཐབས་གསར་པ་བརྒྱ་ལྷག་བཏོན་པ་དེས་འཕེལ་རྒྱས་གསར་པར་སྐུལ་འདེད་དང་དམིགས་ཡུལ་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

    དམངས་འཚོ་ལེགས་སུ་གཏོང་བའི་བྱེད་ཐབས་ནང“བྱིས་པར་སྐྱོང་མཁན་ཡོད་པ”དང“སྐྱོ་པོར་སྐྱོར་མཁན་ཡོད་པ”ཁ་སྣོན་བརྒྱབ་ནས་བྱིས་པར་བདེ་སྲུང་དང་གཅེས་སྐྱོང་བྱེད་པ་དང་། དབང་པོ་སྐྱོན་ཅན་དང་། ལུས་སྟོབས་ཉམས་པ། ཡོང་འབབ་དམའ་བ་སོགས་ཀྱི་ཚོགས་སྤྱིར་རོགས་རམ་བྱེད་དགོས་པ། “གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར”བྱེད་དགོས་པ། “ཞིང་གསུམ”གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་སྙན་སྒྲོན་ནང་ཕྱོགས་ཡོངས་དང་བང་རིམ་མང་པོའི་སྒོ་ནས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད།

    ཤོད་རིན་ཡོད་པ་ཞིག་ནི་སྙན་སྒྲོན་ནང་འབྱུང་འགྱུར་གྱི་མདུན་སྐྱོད་ལམ་དུ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་། “ཕྱོཌ་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཁ་གསལ་བསྟན་པ་དང་སྦྲགས་དུས་རབས་གསར་པའི་བླང་བྱར་གཞིགས་ནས་བྱ་ཐབས་གསར་པ་མང་པོ་བཏོན་ཏེ་འཆར་གཞིར་བརྟེན་ནས་ལས་དོན་མཐར་ཕྱིན་པ་སྒྲུབ་པའི་འགན་ལེན་བྱས་ཡོད།

    (དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བརྗོད་ཚུལ་གསར་པ། བྱ་ཐབས་གསར་པའི་སྐོར་འདི་ནས་རྫོགས་སོ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།