[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དུས་རབས་གསར་པ་དང་།རྣམ་པ་གསར་པ།བྱ་སྤྱོད་གསར་པ།
  • བོད་ཀྱིས《བོད་རང་སྐྱོང་ལྗོངས་གསོ་རིག་བཟོ་ལས་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)》བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-21

    ཟླ་11པའི་ཟླ་མཇུག་ཏུ་རང་སྐྱོང་ལྗོངས་ཀྱི་གསོ་རིག་བཟོ་ལས་འཕེལ་རྒྱས་ཀྱི་འཇུར་མིག་མེད་པ་བཟོ་ཆེད། རང་ལྗོངས་ཀྱི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་གསོ་རིག་བཟོ་ལས་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཏོན་པ་རེད། 2025ལོར་རང་ལྗོངས་ཀྱི་གསོ་རིག་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་45ཟིན་ནས་ལོར་ཆ་སྙོམས་འཕར་ཚད་12%ཡན་རྒྱུན་འཁྱོངས་བྱ་རྒྱུ་དང་བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3ཡན་ཟིན་རྒྱུ་ཡིན་པ་རེད།

    《འཆར་འགོད》ནང་བོད་ཀྱི་གསོ་རིག་བཟོ་ལས་འཕེལ་རྒྱས་ཐད་ནས་མངོན་པའི་ཁྱད་ཆོས་དང་གནད་དོན་འགོ་འཛུགས་སར་བྱས་ཏེ་མིག་སྔའི་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཐད་འཕྲད་པའི་གོ་སྐབས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དག་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ་སོགས་ཕྱོགས་བདུན་དང་འབྲེལ་བ་ཡོད་པས་2025ལོར་སླེབས་སྐབས་ལྗོངས་ཡོངས་སུ་ལེགས་ཆ་མངོན་གསལ་དོད་པ་དང་། གྲུབ་ཆ་ལེགས་སྒྲིག ཡར་སྐུལ་གསར་གཏོད་བཅས་ཀྱི་གསོ་རིག་བཟོ་ལས་མ་ལག་ཅིག་སྤྱིར་ན་འཛུགས་ཐུབ་པ་དང་། བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་དང་། གསར་སྤེལ་དང་འདེབས་འཛུགས། བོད་སྨན་གྲུབ་མའི་སྣ་ཁ་མང་གཏོང་། སྤུས་ཚད་མཐོར་གཏོང་དང་སྤུས་རྟགས་གསར་གཏོད་སོགས་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བྱེད་པ། བོད་འདི་ཉིད་རྒྱལ་ནང་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་མི་རིགས་གསོ་རིག་བཟོ་ལས་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་བསྐྲུན་པ། གསོ་རིག་བཟོ་ལས་རང་སྐྱོང་ལྗོངས་ཀྱི་འདེགས་སྐྱོར་ཐོན་ལས་གལ་ཆེན་དུ་འགྱུར་བ་བཅས་ལ་བརྩོན་ལེན་བྱ་རྒྱུ་ཡིན་པ་བསྟན་ཡོད།

    《འཆར་འགོད》ལག་བསྟར་བྱས་རྗེས“ཁེ་ལས་ཚན་ཞིབ་དང་། མཉམ་ལས་ཁང་། ཞིང་དུད”བཅས་མཉམ་ལས་བྱེད་སྟངས་བརྒྱུད། སྲོ་ལོ་དམར་པོ་དང་སྤོས་སོགས་རྒྱུན་སྤྱོད་ཀྲུང་ལུགས(བོད་ལུགས)སྨན་རྩྭ་དང་རྩ་ཆེ་ལ་སྟོངས་ཉེའི་རི་སྐྱེས་ཀྲུང་ལུགས(བོད་ལུགས)སྨན་རྩྭ་གསོ་སྤེལ་དང་འདེབས་འཛུགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་རྟེན་གཞིའི་རྣམ་གྲངས་8ནས་10བར་ལ་རོགས་སྐྱོར་བྱ་རྒྱུ་རེད། ད་དུང་རི་སྐྱེས་སྨན་རྩྭའི་ཐོན་ཁུངས་ཀྱི་ཡོངས་བཤེར་དཀར་ཆག་སྒྲིག་པ་དང་སྲུང་སྐྱོང་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་སྨན་རྒྱུའི་རྩི་ཤིང་སོན་གྱི་ཐོན་ཁུངས་ཉར་ཚགས་མཛོད་1ནས་2བར་འཛུགས་རྒྱུ་དང་རི་སྐྱེས་སྨན་རྩྭའི་ཐོན་ཁུངས་ཀྱི་ལྟེ་བའི་འདེབས་འཛུགས་མ་ལག་འཛུགས་པ། རི་སྐྱེས་སྨན་རྩྭའི་ཐོན་ཁུངས་ལ་ཉུང་ཙམ་བརྟེན་པ་བཅས་བྱས་ནས་བོད་སྨན་ཐོན་ལས་ཀྱི་གཞི་ཁྱོན་ཅན་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་རྒྱུ་ཡིན་པ་རེད།

    དུས་མཚུངས《འཆར་འགོད》ནང་བོད་སྨན་གྱི་ད་ཆའི་སྤུས་ལེགས་སྣ་ཁར་གསར་སྤེལ་ཐེངས་གཉིས་བྱས་ཏེ་ནད་ཐོག་སྨན་བཅོས་ཁྱབ་ཁོངས་ནང་ལེགས་ཆ་ཆེ་ཙམ་ལྡན་པ་དང་། སྨན་པ་དང་། ནད་པ། འཛད་སྤྱོད་པ་བཅས་ཀྱི་གདེང་འཇོག་མཐོ་བ། སྨན་རྒྱུའི་ཐོན་ཁུངས་འགན་ལེན་ཐུབ་པ་བཅས་ཀྱི་བོད་སྨན་སྣ་ཁ་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་བོད་སྨན་གྲུབ་མ་དང་བཏུང་བྱའི་བོད་སྨན་གསར་སྤེལ་དང་ཞིབ་བཟོ་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།