[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དུས་རབས་གསར་པ་དང་།རྣམ་པ་གསར་པ།བྱ་སྤྱོད་གསར་པ།
  • རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པས་ལྷ་ས་གྲོང་ཁྱེར་ནས་ལྷོ་ཁ་གྲོང་ཁྱེར་དབར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད་པ།

    བོད་ལྗོངས་སུ་གྲོང་ཁྱེར་དབར་གྱི“མྱུར་བགྲོད”གཞུང་ལམ་གཉིས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-11

    460283_yis_1512882747155.jpg

     འདི་ནི་ཤར་གཏོང་ཐུབ་པའི་རྩེད་གོང་རིམ་མཐོའི་གཞུང་ལམ་ཡིན་པ།

    ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ལམ་349ཡི་རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ས་དང་ལྷོ་ཁ་དབར་རིམ་མཐོའི་གཞུང་ལམ་གྱིས་ཡོངས་སུ་འབྲེལ་ཡོད། འཁོར་རིགས་ཆུང་གྲས་མྱུར་ཚད་མགྱོགས་ཤོས་ལ་ཆུ་ཚོད་རེར་སྤྱི་ལེ་100གཏོང་ཆོག་པས་གྲོང་ཁྱེར་གཉིས་པོའི་དབར་གྱི་དུས་ཚོད་ཆུ་ཚོད་གསུམ་ནས་ཆུ་ཚོད་གཅིག་དང་ཕྱེད་ཀའི་བར་ཐུང་དུ་སོང་ཡོད། དེ་ནི་ལྷ་ས་ནས་ཉིང་ཁྲི་བར་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་རྗེས་རང་ལྗོངས་ཀྱི་གྲོང་ཁྱེར་གཉིས་དབར་འབྲེལ་བའི་རིམ་མཐོའི་གཞུང་ལམ་གཉིས་པ་དེ་རེད།

    རྩེད་གོང་རིམ་མཐོའི་གཞུང་ལམ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་དང་པོ་ཡིན་པ་དེ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་དེ་ཉིད་ལྗོངས་ཡོངས་སུ“ལྷ་སར་ལྟེ་བར་བྱས་པའི་ཆུ་ཚོད་3གྱི་འགྲིམ་འགྲུལ་འཁོར་རྒྱའི”ནང་ཁྱོན་ཡོངས་ནས་ཚུད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་གཉིས་པར་གྱུར་པ་མཚོན་ལ་དེ་ཉིད་རང་ལྗོངས་སུ་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་བཞི་པ་དེའང་ཡིན་པ་རེད། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་པ་དང་པོ་དང་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་613ཟིན་ཡོད་པ་རེད།

    མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྤྱི་ལེ་100ཟིན་ནས་གྲོང་ཁྱེར་གཉིས་དབར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་དགོས་ཀྱི་མེད།

    ལས་གྲྭའི་རྣམ་གྲངས་པུའི་བཀོད་འདོམས་དཔོན་བྱམས་བསྟན་གྱིས། རྣམ་གྲངས་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཞུང་ལམ་ལས་གྲྭའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་དང་། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་རྒྱ་བསྐྲུན་པའི་རྨང་གཞི་གལ་ཆེན་ཞིག བོད་ཀྱི་དབུས་ལྷོའི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་སྐོར་ལམ་བསྐྲུན་པའི་ལྷུ་ཚིགས་གལ་ཆེན་ཞིག ས་ཁོངས་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་བཅས་རེད། གཞུང་ལམ་དེ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་བོད་དབུས་ལྷོའི་མཚམས་ཚིགས་གྲོང་ཁྱེར་ཁག་དབར་འབྲེལ་གཏུག་བྱེད་ཟབ་ཏུ་འགྲོ་རྒྱུ་དང་། ལྷ་ས་དང་ལྷོ་ཁའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ། བོད་ཀྱི་རིག་གནས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཆགས་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གསར་འགོད་པས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཚོགས་ཡུལ་ནས་ཤེས་རྟོགས་བྱས་པར། རྣམ་གྲངས་བསྐྲུན་སྐབས་ཡུལ་དེ་གའི་ལས་མི་སྔོན་ལ་སྤྱད་པ་དང་། རིམ་རྩིས་བྱས་ན་ལམ་རྒྱུད་ས་གནས་ལ་ལས་ཞུགས་ལས་གནས་7244མང་དུ་བཏང་བར་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་7.75བྱུང་ཡོད་པ་རེད། དེ་དང་ཆབས་ཅིག གཏོར་སྐྱོན་མི་གཏོང་བ་དང་། ཟང་ཟིང་མི་བཟོ་བ། སླར་གསོ་གང་མང་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱས་ཏེ་གཞུང་ལམ་རྒྱུད་དུ་ཡུལ་དེ་གའི་ཁོར་ཡུག་ལ་འཕྲོད་པའི་སྔོ་ལྗང་སྐྱེ་དངོས་བཏབ་པས་མཛེས་ལྗོངས་ཁུལ་དུ་སྔོ་ལྗང་མང་དུ་སོང་ཡོད་པ་རེད།

    འདི་ལོའི་ཟླ་9པར་འཚོགས་པའི་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ཡིས་ལོ་ལྔའི་རིང་རང་ལྗོངས་ཀྱིས་བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་དང་། ཉིང་ཁྲི་ནས་ལྷ་ས་བར། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྩེད་ཐང་ནས་གོང་དཀར་གནམ་ཐང་བར། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ། ནག་ཆུ་ནས་ལྷ་ས་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ ལྷ་སའི་གྲོང་སྐོར་ལམ་སོགས་རིམ་པ་མཐོ་བའི་གཞུང་ལམ་རྣམ་གྲངས་ཁག་7སྔ་རྗེས་སུ་ལག་ལེན་བསྟར་ཞིང་། རིམ་མཐོའི་གཞུང་ལམ་དེ་ཉིད་བོད་ལྗོངས་མི་དམངས་ཀྱི་མིག་ལམ་གྱི་མྱུར་བགྲོད་གཞུང་ལམ་དུ་གྱུར་ཡོད་པ་རེད།

    དེའི་ཁྲོད་ཀྱི་རྒྱལ་ལམ་109རྒྱུད་གོར་མོ་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་ཀྱི་གྲས་ཤིག་རེད། གཞུང་ལམ་དུམ་བུ་དེ་ནི《རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད(2013ལོ་ནས་2030ལོ་བར)》G6གི་པེ་ཅིང་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ཁོངས་གཏོགས་ཀྱི་ལམ་དུམ་གལ་ཆེན་ཞིག་དང་། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ནང་མཉམ་འདྲེས་ཀྱི་སྲོག་རྩ་ལྟ་བུ་ཞིག བོད་ལྗོངས་དང་ནང་ས་སྦྲེལ་མཐུད་ཀྱི་མ་ལམ་ཞིག་བཅས་ཡིན་པས་རྒྱལ་ཁབ་དང་བོད་ཀྱི་གཞུང་ལམ་དྲ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།

    འདི་ལོའི་ཟླ་7པར་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལས་འགོ་ཚུགས་ཤིང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་དྲ་ཚིགས་ཐོག་གི་སུ་འཇོན་དེ་འགུགས་ཀྱི་སྤྱི་བསྒྲགས་ནས་ཤེས་རྟོགས་བྱས་པར། ལས་གྲྭ་དེ་ནི་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཟམ་པ་གསར་གྲོང་ཚོ་ནས་འགོ་ཚུགས་ཏེ་སྤོ་དམར་བར་ཡིན་པ་དང་། ལམ་ཚད་ཧྲིལ་པོར་སྤྱི་ལེ་68ཙམ་ཡོད་པ་དང་རྣམ་གྲངས་དེའི་ལམ་ཚད་ཧྲིལ་པོ་རིམ་པ་དང་པོའི་གཞུང་ལམ་ལག་རྩལ་གྱི་ཚད་གཞིའི་ཐོག་ནས་བསྐྲུན་ཞིང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་100ཟིན་པའི་ཇུས་འགོད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།