[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དཔྱད་གཏམ།
  • ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

    ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-01-10

    ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་དེ་ཡིན་ལ། རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཡང་ཡིན། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཚོགས་འདུའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་ནི་རང་རེའི་ཏང་གི་ངོ་བོ་དང་། གནས་བབ། ཕྲག་ཐོག་གི་ལོ་རྒྱུས་ལས་འགན་བཅས་ཀྱིས་གཏན་ལ་ཕབ་པ་ཞིག་རེད། ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་གི་འགོ་ཁྲིད་ཀྱི་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་འགོ་ཁྲིད་དང་། སྤྱི་འདོམས། འཆར་འགོད། སྟངས་འཛིན་བཅས་གནང་གི་ཡོད།

    ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་བཏང་སྟེ་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཚེ། གཞི་ནས་སྤྱི་ཡོངས་ལ་གཞི་ཚུགས་པ་དང་། གཙོ་གནད་ལ་དམ་འཛིན། ཆོས་ཉིད་ལ་བརྩི་སྲུང་། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་སྒོ་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་དོན་འཁྱོལ་གནད་སྨིན་ཡོང་ཐུབ། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་དང་། སྒྱིད་ལུག་ཟབ་ཟོབ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་དང་། གོང་གི་སྲིད་ཇུས་ལ་འོག་གི་གཡོལ་ཐབས་གཏན་ནས་བྱེད་དུ་འཇུག་མི་རུང་། དོན་དངོས་དང་མ་མཐུན་པར་དམིགས་ཚད་བཟོ་རྒྱུ་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས་ལ། གདམ་གའི་རང་བཞིན་གྱི་ལག་བསྟར་དེ་བས་ཀྱང་བྱེད་མི་ཉན། ཏང་ཨུད་འགོ་ཁྲིད་འོག་གི་སྲིད་འཛིན་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་མཉམ་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་དཔལ་འབྱོར་ལས་དོན་སེམས་ལ་འཇོག་པ་དང་། འགན་འཁུར་བ། ལག་ལེན་ཐོག་འཁྱོལ་བ་བཅས་བྱེད་དགོས།

    དུས་བབ་གསར་པའི་འོག་གི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་ཐུབ་མིན་ནི་རིམ་ཁག་སྡེ་ཚན་ཁག་དང་། ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པར་འཕྲད་པའི་ཚོད་བགམ་ཆེན་པོ་ཞིག་རེད། འཇོན་ཐང་མི་འདང་བར་སེམས་ཁྲལ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་སློབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། དད་སེམས། འགན་ཁུར། འཇོན་ཐང་། འགན་འཁྲི། ངར་ཤུགས། སྤྱོད་གཙང་བཅས་སློབ་སྦྱོང་ཐུབ་པ་བྱས་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱང་གོམས་ཆེ་བའི་མི་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།

    ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། ལྟ་སྐུལ། དཔྱད་ཞིབ། བྱ་དགའ་ཆད་གཅོད་སོགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་། དོ་དམ་ནན་པོ་དང་བྱམས་སྐྱོང་ཆེ་མོ་ཟུང་འབྲེལ་དང་། གཅུན་སྡོམ་དང་ལྕག་སྐུལ་གལ་ཆེ་མཉམ་དུ་འཛིན་ནས་ལས་བྱེད་པར་འགན་འཁྲི་ཁུར་ནས་ལས་དོན་སྒྲུབ་པར་ལྕག་སྐུལ་དང་ནོར་འཁྲུལ་ཤོར་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བ་བྱེད་པ་དང་། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དཀའ་བ་སྤྱོད་མཁན་ཚོར་འབྲས་བུ་ཡག་པོ་ཐོབ་པ་དང་ལས་དོན་སྒྲུབ་མཁན་ཚོར་ཐོབ་ཐང་ཡོད་པ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ་ཧུར་བསྲི་གྲོན་ཆུང་དང་འཚོ་བ་སྐྱེལ་མཁས་པོ་བྱས་ནས་མ་དངུལ་ཚང་མ་བེད་སྤྱོད་ཡག་པོ་གཏོང་བ་དང་བེད་སྤྱོད་བཏང་ནས་ཕན་འབྲས་ཐོན་པ་བྱེད་དགོས།

    ང་ཚོས་དཔལ་འབྱོར་ལས་དོན་གྱི་རང་འགུལ་དབང་ཆར་དམ་འཛིན་ཡག་པོ་བྱས་ཏེ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་ཤུགས་ཆེ་རུ་བཏང་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཚེ། རང་ལྗོངས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་རྒྱལ་ཁའི་གཏམ་བཟང་བསྒྲགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་མགྱོགས་སུ་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།