[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དཔྱད་གཏམ།
  • ནང་དོན་ཕུན་སུམ་ཚོགས་པོ་ཁོང་དུ་ཆུད་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-01-08

    ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་དགོས་ཞེས་བཏོན་ཡོད། དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་ཁོང་དུ་ཆུད་པ་ཁྲིད་སྟོན་བྱེད་པ་བཅས་དང་། བོད་ཀྱི་དོན་དངོས་དང་འཚམ་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་བཅས་ཀྱི་སྲིད་ཇུས་མ་ལག་ཅིག་གང་མགྱོགས་ཆགས་པ་བྱས་ནས། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པ་ཞིག་འདིང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    རང་ལྗོངས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པ་ནི་ཁ་ཚ་དགོས་གཏུགས་དང་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཡིན། ཕྱོགས་གཅིག་ནས་ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་འོག་རང་ལྗོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་སྔར་ན་མེད་པ་ཆེ་རུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རྨང་གཞི་དང་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ཕྱོགས་གཞན་ཞིག་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་ཚད་ལ་སྐུལ་འདེད་གཏོང་བའི་ཐད་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པ་དང་རྩ་ཆེའི་གོ་སྐབས་དམ་འཛིན་དང་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནས་ཡིན་ནའང་འདྲ། ཡང་ན་རང་ལྗོངས་ཀྱི་སྒུལ་ནུས་གསར་པ་མི་འདང་བ་དང་རང་བརྟེན་ནུས་པ་དེ་ཙམ་ལེགས་པོ་མེད་པ་སོགས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་མངོན་གསལ་དོད་པའི་གནད་དོན་སེལ་རྒྱུ་གང་ཞིག་ཡིན་རུང་། ང་ཚོར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཏེ་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ལས་དོན་ཀྲུང་དབྱང་གི་དགོངས་དོན་དང་དེ་བས་འཚམ་པ་དང་། བོད་ཀྱི་དོན་དངོས་དེ་བས་མཚོན་པ། མང་ཚོགས་ཀྱི་རེ་སྒུག་དང་དེ་བས་མཐུན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། བོད་ཀྱི་ལས་ཀའི་དོན་དངོས་དང་ཡང་ཟུང་འབྲེལ་དམ་ཟབ་བྱེད་དགོས། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བོད་དུ་བེད་སྤྱོད་ཞིབ་ཕྲ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལྡོག་མེད་བླང་བྱ་ཞིག ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བོད་ཀྱི་ལག་ལེན་གསར་པ་ཞིག དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག བོད་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་རྦད་དེ་འཚམ་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཁོང་དུ་གང་ལེགས་ཆུད་པ་བྱེད་པའི་ལོ་རྒྱུས་ཀྱི་གདམ་ག་ཞིག་བཅས་ཡིན། ལམ་བུ་དེར་གནད་ལ་འཁེལ་བའི་ངང་ཡག་པོ་ཕྱིན་ན་ལས་དོན་སྒྲུབ་སྐབས་དེ་བས་རང་འགུལ་ཆེ་བ་དང་འཕེལ་རྒྱས་གཏོང་སྐབས་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་ཐུབ།

    ལྟ་བ་མཐུན་པ་དང་ངོས་འཛིན་ཡག་པོ་བྱུང་ན་ཐབས་ཤེས་གཞི་ནས་གནད་ལ་འཁེལ་བ་དང་། ལས་དོན་སྒྲུབ་སྐབས་གཞི་ནས་ནུས་པ་ཐོན་པ། དཔལ་འབྱོར་ལས་ཀའི་རང་འགུལ་དབང་ཆ་གཞི་ནས་ཁོང་དུ་བརྟན་པོ་ཆུད་ཐུབ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཁྲོད་གཤམ་གསལ་ཕྱོགས་ཁག་གི་ནང་དོན་ཟབ་མོ་ཚུད་པ་སྟེ། གཅིག་ནས། ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། དེ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མེད་དུ་མི་རུང་བ་ཞིག་ཡིན། གཉིས་ནས། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་དམིགས་ཚད་ཡིན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ“ཡོད་མེད”ནས“ཡག་ཉེས”བར་གྱི་འགྱུར་ལྡོག་མངོན་འགྱུར་ཡོང་བ་བྱེད་དགོས། དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། གསུམ་ནས། ཐོག་མཐའ་བར་གསུམ་དུ་བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ལས་ཀའི་དལ་བྲེལ་དང་མང་ཉུང་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས། རྩ་བའི་དགོངས་གཞི་དེ་ནི་ཀྲུང་དབྱང་གི་བརྟན་ཐོག་ཡར་བརྩོན་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཏོན་པ་ཞིག་རེད། བཞི་ནས། ཐོག་མཐའ་བར་གསུམ་དུ་རྩ་བའི་ཐབས་ཤེས་ཡིན་པའི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་དགོས། དེ་ནི་ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་བརྟག་ཐབས་སྨྲ་བ་ཡིན་ལ། རང་ལྗོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་ནུས་ལྡན་ཞིག་དང་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཡིན་པས། ངེས་པར་དུ་སྔ་ཕྱི་བར་གསུམ་དུ་ཁྱབ་པ་དང་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ལས་ཀའི་ཐད་དེ་བས་རང་འགུལ་དང་དོན་འཁྱོལ་ཐད་དེ་བས་གནད་སྨིན་ཡོང་བ་བྱེད་དགོས་པ་བཅས་སོ།

    དུས་རབས་གསར་པ་དང་འཚམ་པ་དང་། དམིགས་ཚད་གསར་པར་དམིགས་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་ལས་བྱེད་པས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དང་ཆོད་སེམས་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་དང་བློ་རྒྱའི་ཐོག་ནས་རང་སྟོབས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། རང་འགུལ་ངང་ལས་དོན་སྒྲུབ་པ། འགག་སྒྲོལ་དཀའ་སེལ་བྱས་ཏེ་ཀྲུང་དབྱང་གི་འདི་ལོའི་དཔལ་འབྱོར་ལས་ཀའི་ཐབས་ཇུས་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱས་ནས། རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།