[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>གལ་ཆེའི་གསར་འགྱུར།
  • བདེ་སྐྱིད་ཀྱི་ཕྱོགས་སུ་བསྐྱོད།

    ལོ་ལྔའི་རིང་བོད་ཀྱི་དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

    ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་བའི་ཉིན་ལྔ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དབང་གིས་འཛམ་གླིང་སྐྱེ་བོ་ཀུན་གྱིས་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་གྲོང་ཚོ་ཆུང་ངུ་ཡུལ་སྨད་ཤེས་རྟོགས་བྱུང་ཡོད་ལ་བོད་ཀྱི་མཐའ་མཚམས་གྲོང་ཚོ་ཆུང་གྲས་ཡུལ་སྨད་ལ་འཛིན་པའི་མི་ཚོའི་“མཁྲེགས་བཟུང་བག་ཆགས”ལའང་འགྱུར་བ་བྱུང་ཡོད། བསམ་ཚོད་ལྟར་གྱི་ཆུ་གློག་དཀོན་པའི“དཀའ་ཚེགས་ཆེ་བ”ཞིག་མིན་པར་དོན་དངོས་ཐོག་མཐོང་བ་ནི་ཡོང་འབབ་རྒྱུན་མཐུད་འཕར་བ་དང་། སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ། སྡོད་གནས་ཆ་རྐྱེན་ཉིན་རེ་བཞིན་འབྱོར་འབྲིང་གི་ཚད་གཞིར་སླེབས་ཡོད། དེ་བས་མི་རྣམས་དགའ་འོས་པ་ཞིག་ནི་འཕྲིན་གཏོང་དང་ཆ་འཕྲིན་ཅན་གྱི་དྲ་རྒྱའི་དུས་རབས་ཀྱི་ཐུན་མོང་མ་ཡིན་པའི་མྱུར་ཚད་མགྱོགས་པའི་ཁྱད་ཆོས་དེ་ཤང་ཡོངས་སུ་གང་མྱུར་ཁྱབ་ཡོད།

    ཡུལ་སྨད་ཀྱི་འཕེལ་རྒྱས་ཆ་ཤས་ལས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཧྲིལ་པོ་མངོན་ཐུབ། ལོ་ལྔའི་རིང་དམངས་ཆེད་སྲིད་སྐྱོང་བའི་འོད་སྟོང་འབར་བའི་དམངས་འཚོའི་བྱ་བ་ཆེ་གྲས་རེ་རེ་ལས་དཔྱིད་ཀྱི་སྦྲང་ཆར་ཟིལ་མས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་སེམས་ཀྱི་ཞིང་ས་བརླན་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན”

    ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་དེ་གནས་བབ་མཐོ་ཤོས་ཐོག་བཞག་ནས་དམངས་འཚོ་སྔོན་དུ་བྱེད་པའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཡོད་པ་རེད།

    ལོ་ལྟར་བོད་ཀྱི་ནོར་སྲིད་གཏོང་སྒོའི་ཁྲོད་ནས་70%ཡན་དམངས་འཚོར་སྤྱོད་ཀྱི་ཡོད་པ་དེ་དག་གཙོ་བོ་ཞིང་འབྲོག་པ་དང་། གཞི་རིམ། གཉོད་ཆུང་ཚོགས་སྤྱིར་གཟིགས་སྐྱོང་བྱེད་ཀྱི་ཡོད་པ་དང་། སྟོབས་ཤུགས་གཅིག་སྡུད་ཐོག་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བཟང་ཁག་གཅིག་བསྒྲུབས་ཡོད་པ་དེས་ཏང་གི་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་དབུས་སུ་ཚོར་ཐུབ་པ་བྱུང་ཡོད་པ་རེད།

    ཀུན་གྱིས་ཤེས་གསལ་ལྟར། བོད་འདི་ཉིད་མཐོ་གྲང་ཁུལ་དུ་གནས་པ་དང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། དུས་ཡུན་རིང་པོའི་ནང་ཞིང་འབྲོག་པའི་ཡོང་འབབ་ཆུ་ཚད་དམའ་བ། དམངས་འཚོའི་ཁྱབ་ཁོངས་སུ་བུ་ལོན་མང་པོ་ཟུག་པ་བཅས་ཀྱི་གནས་ཚུལ་ཐོན་ནས་2012ལོའི་ལོ་མཇུག་ཏུ་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5697ལས་ཟིན་གྱི་མེད་པ་དེ་ལོ་དེའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བཅུ་ཆ་བདུན་ཡིན་པ་རེད།

    ལོ་ལྔའི་རྗེས་ཀྱི་2017ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ནས་སྒོར་10367ཟིན་པ་དེ་དུས་མཚུངས་ལས་14%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30582ཟིན་ཡོད། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་14དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་25དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་ཡོད་པ་རེད།

    “མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཕན་ཐོབ་པ”

    ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད།

    2016ལོ་ནས་ད་བར་ལྗོངས་ཡོངས་སུ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་1500ལྷག་ཙམ་ལག་ལེན་བསྟར་བ་དེས་མི་ཁྲི་10ཙམ་དབུལ་སྒྲོལ་ཡོང་བར་ཐད་ཀར་སྣེ་ཁྲིད་ཐུབ་སྟེ་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། སྣོད་བཅུད་ཁ་གསབ་ཀྱི་ལས་གནས་ཁྲི་70བཀོད་སྒྲིག་བྱས་པས་ཞིང་འབྲོག་པ་ཁྲི་70ལ་མི་རེར་ལོ་རེར་ཉུང་མཐར་ཡང་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་3000བྱུང་ཡོད།

    2017ལོ་ཁོ་ནར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་300བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ལས་བྱེད་ལས་བཟོ་བཅས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་སྲིད་ཇུས་གལ་ཆེན་33ལག་ལེན་བསྟར་ཡོད།

    སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3240ནས་སྒོར་3480བར་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་640ནས་སྒོར་700བར་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་2550ནས་སྒོར་3311བར་མཐོ་རུ་ཕྱིན་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་435ནས་སྒོར་475བར་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་420ནས་སྒོར་460བར་མཐོ་རུ་ཕྱིན་པ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་65བར་མཐོ་རུ་ཕྱིན་པ་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར་15མཐོ་བ་ཡོད།

    “མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་བཞག་པ”

    ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་དང་གཅིག་སེམས་གཅིག་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5000ལྷག་ཙམ་ལ་ཏང་ཡོན་ལས་བྱེད་པ་ཁྲི་13ལྷག་ཙམ་ཁག་དྲུག་ལ་དབྱེ་སྟེ་འདེམས་མངགས་བྱས་ནས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྤེལ་ཏེ་མང་ཚོགས་ཁྲོད་རྩ་བ་བརྟན་པོ་ཚུགས་པ་དང་མང་ཚོགས་དང་བདེ་སྡུག་མཉམ་མྱོང་བྱས་ཡོད།

    རྣམ་གླིང་རྫོང་ཕུ་འདམ་ཤང་གཞིས་ཀ་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཚེ་རིང་གིས“ལས་དོན་རུ་ཁག་གིས་ང་ཚོར་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་། ཆུ་ལོག་སྔོན་འགོག་གི་ཆུ་འདྲེན་རགས་དང་ཕྱུགས་རིགས་ཀྱི་དྲོད་སྲུང་ལྷས་ར་བསྐྲུན་པ། ཁྱིམ་ཚང་ཚང་མའི་སྒོ་རའི་ནང་སྦྱར་པ་བཏབ་པ་བཅས་བྱས་པ་མ་ཟད། ང་ཚོར་འཐུང་ཆུའི་གནད་དོན་ཡང་ཐག་གཅོད་བྱེད་རོགས་བྱས་བྱུང་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག་ཁྲི་5.9གསེད་བཀྲོལ་བྱེད་རོགས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ཁག་ཁྲི་8.1བཟོས་ཁར་རྣམ་གྲངས་ཁག་12689དོན་འཁྱོལ་ལེགས་གྲུབ་བྱུང་ནས་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་23.3འཕར་རྒྱུའི་རོགས་རམ་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།