[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

    ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཨུད་ཀྱི་སྐབས་དང་པོའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དགུ་པ་བར་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར། ས་གནས་ཀྱི་ནོར་སྲིད་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་སྒོར་དུང་ཕྱུར་104.25དང་། སྒོར་དུང་ཕྱུར་173 སྒོར་དུང་ཕྱུར་36.8 སྒོར་དུང་ཕྱུར་11.7 སྒོར་21654 སྒོར་7316བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་10.1%དང་། 25% 13.7% 22.6% 10.1% 14.2%བཅས་འཕར་ནས། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་བསྡོམས་འབོར་རམ་ཡང་ན་འཕར་ཚད་མུ་མཐུད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་བརྩོན་བྱེད་བཞིན་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྣམ་གྲངས་685ཡི་ཁྲོད་ནས་རྣམ་གྲངས་421ལས་འགོ་འཛུགས་སྐྲུན་བྱས་པར་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་283བཏང་བ་རེད། གྲོང་གསེབ་ཀྱི་རྨང་གཞི་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་ཞིང་ཆུ་འདྲེན་རྒྱུ་འགན་ལེན་བྱེད་ཚད་དང་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་འགན་སྲུང་བྱེད་ཚད་80%དང་90%སོ་སོར་ཟིན་པ་དང་གྲོང་ཚོའི་སྦྲག་སྲིད་ས་ཚིགས་ཁྱབ་ཚད་45%ཟིན་ཡོད།

    རེས་སྐོར་གསར་པའི་ཞིང་ལས་དྲ་བ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་མགྱོགས་མྱུར་བསྐྲུན་པས། ལོ་མཇུག་ཏུ“བོད་དབུས་གློག་དྲ་ཤང་དང་གྲོང་རྡལ་དུ་ཁྱོན་ཡོངས་ནས་ཁྱབ་ནས་སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད་100%ཟིན་པའི”དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད། བོད་སྐྱོར་རྣམ་གྲངས་42ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་4བཏང་བ་རེད།

    ཐོན་ལས་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ། སྔོན་དཔག་ལྟར་ན་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་16.57ཟིན་ནས་འབྲུ་རིགས་ཐོན་སྐྱེད་བྱེད་མཁན་རྫོང(ཆུས)གཙོ་བོ་དྲུག་གི་ནས་ཁོ་ནའི་མུའུ་རེའི་ཐོན་ཚད་རྒྱ་མ་50མཐོ་རུ་འགྲོ་བ་དང་མཐོ་གྲང་རྫོང་གི་ནས་ཁོ་ནའི་མུའུ་རེའི་ཐོན་ཚད་རྒྱ་མ་20མཐོ་རུ་འགྲོ་བའི་དམིགས་ཚད་མངོན་འགྱུར་ཡོང་བཟོ་ཡོད། “བརྒྱ་སྟོང་ཁྲིའི་འདུ་འགོད”24ཡི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། གྲ་ནང་གི་འབྲུ་རིགས་ལི་གྲོང་རྒྱལ་ཁབ་ཀྱི་ཞིང་ལས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་པ་དང་། ལྷོ་བྲག་གི་ཕིང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་སུ་གྱུར་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་348ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་14.2འབྱུང་རྒྱུ་ཡིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་25%དང་19.3%འཕར་བཟོ་ཡོད།

    གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་ཀྱི་དོན་ཚན་34ལེགས་སྒྲིག་དང་མེད་པར་བཟོས་པ་དང་ཁེ་ལས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར་10ཡན་ཆག་ཡང་བཏང་བ། འགན་དབང་109གཤམ་ལ་སྤྲད་པ། རྫོང་དང་ཆུས་12ཀྱི་སྡེ་ཚན་ལེགས་སྒྲིག་དང་འཛུགས་པའི་ལས་དོན་ལེགས་གྲུབ་བྱུང་ཡོད། “ལག་ཁྱེར་ལྔ་གཅིག་སྒྲིལ”དང“སྔོན་ལ་ལས་གཉེར་ལག་ཁྱེར་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་བཟོ་བ”སོགས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བས“གྲོང་གཅིག་བདག་གཉེར”དང“རིན་མེད་ཐོ་འགོད”སོགས་ཚོད་ལྟའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་དུད་ཚང་ཁྲི་2.21ཟིན་ནས་ཐོ་བཀོད་མ་རྩ་ཁག་སོ་སོར་སྒོར་དུང་ཕྱུར་400.1ཟིན་ཡོད། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་གྲོང་ཁྱེར་ཡོངས་ནས་ས་ཆ་མུའུ་5636བདག་གིར་བཟུང་བ་རང་འགུལ་ངང་ཚུར་བསློགས་པ་དང་། སྒྲིག་འགལ་གྱི་ཁང་པ་སྨི་ངོས་གྲུ་ཁྲི་14.9བཤིགས་པ། སྒྲིག་ཁྲིམས་ལས་འགལ་ནས་རང་དགར་བཏབ་པའི་ལྕང་མ་རྐང་ཁྲི་60.2བཀོག་པ་རེད།

    དམངས་འཚོ་ལེགས་སུ་རྒྱུན་ཆད་མེད་པར་བཏང་བ། རང་སྐྱོང་ལྗོངས་ཀྱི“བྱ་བ་དངོས་བཅུ”དང་ལྷོ་ཁ་གྲོང་ཁྱེར་གྱི“དམངས་སེམས་འདུ་འགོད་ཆེ་གྲས་བཅུ”དོན་འཁྱོལ་ཏན་ཏིག་བྱས་ནས་མ་དངུལ་སྒོར་དུང་ཕྱུར་96བསྡུ་སྒྲིལ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་རེད། དམངས་ཕན་གྱི་ཚད་གཞི་མཐོར་གཏོང་གི་སྲིད་ཇུས་26བཏོན་ནས་རྨང་བརྟན་དམངས་ཕན་དང་དམངས་ལ་བྱ་བ་དངོས་7681བསྒྲུབས་པར་མ་དངུལ་སྒོར་ཁྲི་6812བཏང་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲིའི་འགག་སྒོ་ཆེན་པོ་ལས་བརྒལ་བ་རེད། སློབ་གསོའི་བྱ་གཞག་སྔོན་དུ་འཕེལ་རྒྱས་བཏང་ཞིང་། ལྗོངས་ཡོངས་ཀྱི་སྔོན་དུ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་བའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། སློབ་གསོ་སྒྱུར་བཅོས་ཀྱི“ཅན་བཞིའི་འདུ་འགོད་19”དང་དགེ་རྒན་བརྒྱའི“གཤམ་སྐྱོད་གཉིས་དང་གོང་རིམ་དུ་སྐྱོད་པ་གཉིས”ཀྱི་སློབ་གསོའི་རྒྱབ་སྐྱོར་གྱི་སྤེལ་རེས་ལག་ལེན་བསྟར་བ། སློབ་གསོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྐུལ་འདེད་བརྟན་པོ་བཏང་བ། རྫོང་9རྒྱལ་ཁབ་ཀྱི་རིགས་གསུམ་པའི་གྲོང་ཁྱེར་གྱི་སྐད་དང་ཡི་གེའི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་ཐུབ་པ་རེད། སྨན་བཅོས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ལྗོངས་ཡོངས་ཀྱི་སྔོན་དུ་ཀ་པ་རིམ་པ་གསུམ་པ་སོགས་ཀྱི་མི་རིགས་སྨན་ཁང་གི་དཔྱད་ཞིབ་ལས་དོན་སྔོན་དུ་སྤེལ་བ་དང་། གྲ་ནང་རྫོང་མི་དམངས་སྨན་ཁང་ཀ་པ་རིམ་པ་གཉིས་པ་སོགས་ཀྱི་ཕྱོགས་བསྡུས་སྨན་ཁང་གི་མཐའ་མའི་དཔྱད་ཞིབ་ཐུབ་པ་རེད། ཐུམ་འབུའི་ནད་མི་ཚོགས་མང་པོར་གྲལ་བཤེར་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་འཁྱམ་ཁྱི་གསོ་ཉར་ལྟེ་གནས་བསྐྲུན་ནས་སྤྱོད་བཞིན་ཡོད། “ལས་གཉིས”འདུ་འགོད་དང“མི་ཁྲིའི་རྩལ་ནུས་གསོ་སྦྱོང་འཆར་གཞི”ལག་ལེན་གཏིང་ཟབ་བསྟར་ནས་མི་10670ལ་གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་ཚད་70%ཟིན་པ་དང་ཁེ་ལས་24ལ་རོགས་སྐྱོར་བྱས་ཡོད། མི་ཁྲི་9ངལ་ནུས་ཕྱིར་གཏོང་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་3.4བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་སླར་ཡང་མི་5200ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཐུབ་པའི་ཁྱིམ་ཚང་འགུལ་རྣམ་ངང་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.1%ཟིན་ཡོད་པ་རེད། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།