[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>གངས་རིའི་དྲན་འཆར།
  • དམག་ཁོངས་ནས་ཕྱིར་ལོག་བྱས་ཀྱང་གནོང་འགྱོད་མེད།

    བོད་དམག་ཁུལ་ཁང་གི་དེ་སྔའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཁྲེ་ཅུན་ཞན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2011-05-11

        བོད་དམག་ཁུལ་ཁང་ཁྲེང་ཏུའུ་ཞི་བདེ་འཕྲེད་བཅད་ཁྲོམ་ལམ་ལས་བྱེད་པའི་ལུས་གསོ་ཁང་ནས་དགུང་ལོ 80ལ་ཕེབས་པའི་བགྲེས་སོང་ཁྲེ་ཅུན་ཞན་འཕྲད་སྐབས་ཁོང་ནི་གྲུང་ཤ་དོད་པ་དང་བཀའ་མོལ་ཡང་གསལ་པོ་ཡོད་པ་དེ་ནི་ཚེ་གང་དམག་དཔུང་ནང་ཞུགས་པའི་རྐྱེན་གྱིས་ཡིན་བཟོ་འདུག རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་མྱོང་བ་མ་ཟད། ད་དུང་བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དངོས་སུ་མྱོང་བའི་དམག་དཔོན་ཆེན་པོ་དེས་ང་ཚོར་དམག་སྡེ་བཅོ་བརྒྱད་པའི་ཧྲི་ང་གསུམ་པ་བོད་སྐྱོད་བྱེད་རིང་གི་བྱས་རྗེས་མངོན་གསལ་དོད་པོ་གསུངས་བྱུང་།

        སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ།

        དམག་སྡེ་བཅོ་བརྒྱད་པ་བོད་དུ་དཔུང་འཇུག་བྱེད་པའི་ལམ་བར་དུ་དངོས་ཟོག་མཁོ་སྤྲོད་བྱ་ཆེད་དེ་སྔོན་དཀར་མཛེས་སུ་གནམ་ཐང་བསྐྲུན་རྗེས་ཡང་ཁྲོན་བོད་གཞུང་ལམ་བསྐྲུན་པ་རེད། སྐབས་དེ་དུས་ཁྲེ་ཅུན་ཞན་ཧྲི་ང་གསུམ་པའི་ཧྲི་པུའུ་ཡི་དྲིལ་བསྒྲགས་ཁོའོ་རུ་ཕྱག་ལས་གནང་ཡོད་པ་དང་དེ་རྗེས་གཞོན་ནུ་ཁོའོ་རུ་ཕྱག་ལས་གནང་ཡོད། ཁྲེ་ཅུན་ཞན་གྱིས “སྐབས་དེ་དུས་ཀྱི་ལས་འགན་གཙོ་བོ་ནི་དཔུང་སྡེར་སྡེ་ཚོགས་རྩ་འཛུགས་འཛུགས་རྒྱུ་དེ་ཡིན་ཞིང་། དེ་དུས་དམངས་གཙོ་རིང་ལུགས་གསར་པའི་གཞོན་ནུ་ཚོགས་པ་ཟེར་གྱི་ཡོད། སྐབས་དེ་དུས་སྡེ་ཚོགས་རྩ་འཛུགས་ནི་གསར་ཐོན་རྩ་འཛུགས་ཤིག་ཡིན་པ་དང་དཔུང་སྡེར་གཞོན་ནུ་མང་པོ་ཡོད། དང་ཐོག་ང་ཚོ་དྲིལ་བསྒྲགས་ཚན་ཁག་གི་ལས་ཀ་ནི་དམངས་གཙོ་རིང་ལུགས་གསར་པའི་གཞོན་ནུ་ཚོགས་པར་རྨང་གཞིའི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས་པ་དང་སྡེ་ཚོགས་འཛུགས་སྐྱོང་གི་གྲ་སྒྲིག་ལས་དོན་བྱེད་དགོས་ཀྱི་ཡོད། གཞོན་ནུ་ཁོའོ་ཡི་ལས་དོན་ནི་དཔུང་སྡེར་སྡེ་ཚོགས་ཀྲི་པུའུ་འཛུགས་རོགས་བྱ་རྒྱུ་དེ་ཡིན། སྐབས་དེ་དུས་རྒྱལ་ཡོངས་སུ་དཔའ་བོའི་དཔེ་བཟང་ཚོགས་ཆེན་འཚོག་གྲབས་ཡོད་པ་དང་ང་ཚོས་ད་དུང་དམག་འཁྲུག་ལོར་ལེགས་སྐྱེས་མངོན་གསལ་དོད་པའི་ཧྲི་ང་གསུམ་པའི་དཔའ་བོའི་མི་སྣའི་དཔྱད་ཡིག་འཚོལ་བསྡུ་ཧུར་ཐག་བྱས་པ་ཡིན། སྡེ་ཚོགས་རྩ་འཛུགས་འཛུགས་པའི་ལས་དོན་ཁྲོད་ང་ཚོས་སྔོན་ལ་ཧྲི་ང་གསུམ་པའི་སྐུ་སྲུང་ལེན་དུ་གཞོན་ནུ་སྡེ་ཚོགས་འཛུགས་པའི་ཚོད་ལྟའི་ལས་དོན་སྤེལ་ནས་འཐབ་འཛིང་པ་ཚོར་དམངས་གཙོ་རིང་ལུགས་གསར་པའི་གཞོན་ནུ་ཚོགས་པའི་ངོ་བོ་དང་། ལས་འགན། ནུས་པ་བཅས་འགྲེལ་བཤད་རྒྱག་གི་ཡོད། ཚོད་ལྟར་གྲུབ་འབྲས་ཐོབ་རྗེས་ང་ཚོས་ཉམས་མྱོང་དང་བྱ་ཐབས་ཁ་ཤས་ཕྱོགས་སྡོམ་བྱས་པ་དང་དེ་རྗེས་ཧྲི་ཡོངས་ལ་ཁྱབ་གདལ་བཏང་སྟེ་ལེན་རུ་ཁག་ཁག་ལ་སྡེ་ཚོགས་རྩ་འཛུགས་བཙུགས་པ་ཡིན ”ཞེས་གསུངས་བྱུང་།

        “སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་ལས་དོན་སྤེལ་རིང་ང་ཚོས་དང་ཐོག་གཞོན་ནུར་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ཡོད། སློབ་གསོའི་ནང་དོན་ནང་སྐབས་དེ་དུས་ཏང་གི་ལྟེ་བའི་ལས་འགན་གང་ཡིན་ནམ་ཟེར་བ་ཡོད་པ། དཔེར་ན་ལམ་བཟོ་དང་མང་ཚོགས་ཀྱི་ལས་དོན་བསྒྲུབ་པ་སོགས་ཡིན། གཞོན་ནུ་འཐབ་འཛིང་པས་ལྟེ་བའི་ལས་འགན་དེར་དམིགས་པ་དང་ལྟེ་བའི་ལས་འགན་དེར་ཞབས་འདེགས་ཞུས་ནས་གཞོན་ནུའི་ནུས་པ་འདོན་སྤེལ་བྱས་ཏེ་ལས་འགན་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་བྱེད་ཀྱི་ཡོད། དེ་དུས་ལམ་བཟོ་དཔའ་བོ་པན་གྱི་ཀྲང་ཕུའུ་ལིན་གྱི་པན་ང་ཚོ་གཞོན་ནུའི་ལས་དོན་དྲིལ་བསྒྲགས་ཀྱི་དཔེ་མཚོན་དུ་གྱུར་ཡོད་ལ་དཔུང་སྡེའི་གཞོན་ནུ་འཐབ་འཛིང་པའི་སློབ་སྦྱོང་གི་དཔེ་མཚོན་དུའང་གྱུར་ཡོད ”ཅེས་ཁྲེ་ཅུན་ཞན་གྱིས་གསུངས་བྱུང་།

        འདི་ནི་ཁྲེ་ཅུན་ཞན་ཁྲེང་ཏུའུ་ལས་བྱེད་པའི་ལུས་གསོ་ཁང་དུ་བཞུགས་པའི་གནས་ཚུལ་ཡིན་པ།

        མི་སྣའི་ལོ་རྒྱུས་མདོར་བསྡུས།

        ཁྲེ་ཅུན་ཞན། 1929ལོར་ཅང་སུའུ་ཕི་རྫོང་དུ་འཁྲུངས། 1941ལོར་གསར་བརྗེར་ཞུགས་གནང་བ་དང་སྐབས་དེ་དུས་དམག་དཔུང་ཤིན་སི་ཅུན་གྱི་ཧྲི་བཞི་པའི་ལུའེ་དགུ་པའི་ཕེང་ཞུའེ་ཕུང་གི་དཔུང་སྡེར་ཡོད། བཅིངས་འགྲོལ་དམག་འཁྲུག་སྐབས་ཧོ་ནན་དང་། ཨན་ཧུའེ། ཅང་སུའུ་བཅས་དམག་ཁུལ་གྱི་ཐད་གཏོགས་ལུའེ་རུ་ཡོད། ལྷོ་ནུབ་ཆེན་པོར་དཔུང་མཇུག་གནང་སྐབས་དཔུང་སྡེ་དེ་དམག་སྡེ་བཅོ་བརྒྱད་པའི་ཧྲི་ང་གསུམ་པར་བསྐྱར་སྒྲིག་བྱས། བོད་དུ་དཔུང་འཇུག་གནང་སྐབས་དམག་སྡེ་བཅོ་བརྒྱད་པའི་ཧྲི་ང་གསུམ་པའི་ཐོན་159ཡི་ཡིང་གསུམ་པར་ཡོད་པ་དང་དེ་རྗེས་དམག་སྡེ་བཅོ་བརྒྱད་པའི་ཐོན་155ཡི་ཡིང་གསུམ་པའི་སློབ་སྟོན་པ་གནང་བ་དང་ཁྲོན་བོད་གཞུང་ལམ་བཟོ་སྐྲུན་བྱེད་པའི་ནང་ཞུགས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་དམག་ཁུལ་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ལེན་ཀྲོའུ་སྣེ་ལེན་ས་ཚིགས་སུ་སྔ་རྗེས་སུ་ཕྱག་ལས་གནང་བ་དང་ཧྲི་52པའི་ཆབ་སྲིད་ཨུ་ཡོན་གནང་།

        རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ།

        དེ་རྗེས་ཁྲེ་ཅུན་ཞན་ལྷ་སར་ཕེབས་རྗེས་བོད་དམག་ཁུལ་ཁང་སྐུ་སྲུང་ཡིང་དུ་སློབ་སྟོན་པ་གནང་ཞིང་། ལས་འགན་གཙོ་བོ་ནི་ལྷ་སར་དམག་ཁུལ་དང་ལྗོངས་ཏང་ཨུད་ཀྱི་སྐུ་སྲུང་ལས་འགན་འཁུར་རྒྱུ་དེ་ཡིན། 1957ལོར་དམག་ཁུལ་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གནང་བར་སྐོང་འཐེན་བྱས་པ་རེད། “སྐབས་དེར་མཁོ་སྒྲུབ་དངོས་རྫས་མཁོ་སྒྲུབ་བྱེད་པ་ནི་དངོས་ཟོག་མཁོ་སྤྲོད་བྱེད་པ་དེ་ཡིན་ཞིང་། དཔེར་ན་ཁྱེད་ལ་ཟིན་ཐོ་ཞིག་དགོས་ཚེ་དངུལ་མི་དགོས་པར་ཆེད་མངགས་མཁོ་སྤྲོད་བྱེད་པའི་དངོས་རྫས་ཀྱི་ཉར་འཛིན་འཁྱེར་ནས་ལེན་པར་ཕྱིན་ན་འགྲིག་པ་དང་བླངས་རྗེས་ཉར་འཛིན་ཐོག་ཐོ་འགོད་ན་འགྲིག་པས་དངུལ་སྨར་བེད་སྤྱོད་བྱེད་དགོས་ཀྱི་མེད ”ཅེས་གསུངས་བྱུང་།

        “སྐབས་དེ་དུས་རྒྱ་གར་དང་། འབྲུག་ཡུལ། ནེ་པ་ལ་བཅས་ཀྱི་ཚོང་པས་ལྷ་སར་ཚོང་ཁང་བཙུགས་ཡོད་པ་དང་ཚོང་ཟོག་ཚང་མ་དྲེལ་གྱིས་དབོར་དགོས་ཀྱི་ཡོད། ང་ཚོའི་ཚོང་དོན་ཀུང་སི་ཚང་མ་ནི་དངུལ་ཁོངས་ཁ་སྒྱུར་བྱེད་པ་དང་རྒྱ་ཐུག་དང་། ཐ་མག ཞོར་ཟས་སོགས་ཉོ་སྐབས་སྔོན་ལ་ཚོང་ཟོག་ཡག་པོ་བདམས་རྗེས་ཉར་འཛིན་ཐོག་ཐོ་འགོད་པ་དང་དེའི་ཐོག་ནས་གཅོག་གི་ཡོད། ཁྲོམ་རའི་ཐོག་དངུལ་སྒོར་ཧ་ཅང་རྒྱུག་པོ་ཡོད་པ་དང་ལྷག་པར་དུ་ཕྱི་རྒྱལ་ཚོང་པས་དངུལ་སྒོར་མ་གཏོགས་ལེན་གྱི་མེད། དངུལ་སྒོར་གྱིས་ཆུ་ཚོད་དང་། པར་ཆས། སྤུན་དོག་སོགས་ཉོ་ཐུབ་ཀྱི་ཡོད། དངུལ་སྒོར་ཚང་མ་ཕྱི་རྒྱལ་དུ་འགྲོ་རྒྱུག་བྱ་རྒྱུར་སྔོན་འགོག་བྱ་ཆེད་དཔུང་སྡེས་དངུལ་སྒོར་བེད་སྤྱོད་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད། སྐབས་དེ་དུས་བཅིངས་འགྲོལ་དམག་མི་ཕྱི་རྒྱལ་བས་བཙུགས་པའི་ཚོང་ཁང་ནང་ཅ་ལག་ཉོ་བར་འགྲོ་ཆོག་གི་ཡོད་པ་དང་ཁོང་ཚོས་ཁ་དན་ཚིག་ལ་གནས་པ་བྱས་ནས་བཅིངས་འགྲོལ་དམག་ལ་བཪྙས་བཅོས་གཏན་ནས་བྱེད་ཀྱི་མེད ”ཅེས་གསུངས་བྱུང་།

        ཁྲེ་ཅུན་ཞན་གྱིས་སྐབས་དེ་དུས་ལྷ་སའི་ཁྲོམ་རའི་གཞི་རྩའི་གནས་ཚུལ་ང་ཚོར་དྲན་སྐུལ་བྱས་ནས་གསུངས་བྱུང་།

        “དམག་ཁུལ་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་རུ་དེ་སྔོན་ངས་བོད་དམག་ཁུལ་ཁང་ལན་ཀྲོའུ་སྣེ་ལེན་ས་ཚིགས་སུ་ལོ་འགའ་བསྡད་པ་ཡིན། ལན་ཀྲོའུ་སྣེ་ལེན་ས་ཚིགས་ཀྱིས་འཁོར་ཞག་ཏུ་འགྲོ་བ་དང་གཞུང་དོན་དུ་འགྲོ་དགོས་པའི་བློ་མཐུན་གྱི་ཟས་སྡོད་ལས་ཀའི་འགན་འཁུར་དགོས་པ་དང་བར་སྒྱུར་མེ་འཁོར་སྤ་སེ་ཉོ་བ་སོགས་ཀྱི་འགན་འཁུར་དགོས་ཀྱི་ཡོད། གཞན་ཡང་ད་དུང་ལོ་གཅིག་དུས་གཅིག་གི་དམག་མི་གསར་ཪྙིང་བོད་ནས་ཐོན་པ་དང་བོད་དུ་ཡོང་སྐབས་ཀྱི་སྣེ་ལེན་ལས་འགན་འཁུར་དགོས་ཀྱི་ཡོད། སྐབས་དེ་དུས་སྣེ་ལེན་ལས་འགན་ལྕི་པོ་ཡོད་རུང་དུས་ཚིགས་རང་བཞིན་ལྡན་པས་སྤྱིར་བཏང་དགུན་དཔྱིད་དུས་སུ་ལས་འགན་ལྕི་ཙམ་ཡོད། དཔུང་སྡེར་སི་ཁྲོན་ནས་ཡིན་པའི་དམག་མི་མང་པོ་ཡོད། སྐབས་དེ་དུས་པའོ་ཅི་ནས་ཁྲེང་ཏུའུ་བར་གྱི་ཐད་གཏོང་མེ་འཁོར་མེད། བོད་ནས་ཕྱིར་ཐོན་རྗེས་ལན་ཀྲོའུ་ནས་མེ་འཁོར་བསྡད་དེ་པའོ་ཅི་རུ་འགྲོ་དགོས་པ་དང་དེ་རྗེས་པའོ་ཅི་ནས་ཁྲེང་ཏུའུ་རུ་བར་སྒྱུར་བྱེད་དགོས་ཀྱི་ཡོད། སྣེ་ལེན་ས་ཚིགས་ཀྱིས་པའོ་ཅི་རུ་ས་ཚིགས་གཅིག་བཙུགས་ནས་མི་ལྔ་དྲུག་མེ་འཁོར་སྤ་སེ་ཉོ་བར་བཀོད་སྒྲིག་བྱས་པ་དང་བོད་དུ་ཡོང་བ་དང་ཕྱིར་སྐྱོད་མཁན་གྱི་དཔོན་དམག་ཚོ་བདེ་བླག་ངང་དམིགས་སར་འབྱོར་རྒྱུའི་འགན་ལེན་བྱེད་ཀྱི་ཡོད། སྐབས་དེ་དུས་ལན་ཀྲོའུ་ནས་ཟི་ལིང་བར་དང་གོར་མོ་བར་གྱི་ལྕགས་ལམ་ད་དུང་བཏིང་མེད། ཀན་སུའུ་ལིའུ་ཡོན་ཀྱང་དངོས་ཟོག་བར་བརྒྱུད་ས་ཚིགས་གལ་ཆེན་ཡིན་ཞིང་དེ་གར་ཆ་རྐྱེན་ཞན་ཙམ་ཡོད། བོད་སྐྱོད་བློ་མཐུན་ལ་ལ་དེ་ག་ནས་མེ་འཁོར་ལས་བབས་ཀྱི་ཡོད། དཔོན་དམག་ཚོ་བར་བརྒྱུད་བདེ་བླག་ཡོང་ཆེད་ང་ཚོས་ལིའུ་ཡོན་དུའང་མི་ཁ་ཤས་བཀོད་སྒྲིག་བྱས་ནས་ཟས་སྡོད་སྣེ་ལེན་གྱི་འགན་འཁུར་གྱི་ཡོད། ལོ་ཁ་ཤས་སོང་རྗེས་མེ་འཁོར་ཟི་ལིང་བར་ཤར་བགྲོད་ཐུབ་པར་བརྟེན་ང་ཚོའི་སྣེ་ལེན་གྱི་གཙོ་གནད་དེའང་ཟི་ལིང་དུ་སྒྱུར་ཡོད་མོད། འོན་ཀྱང་རྟེན་གཞི་ཡིན་པའི་ལན་ཀྲོའུ་སྣེ་ལེན་ས་ཚིགས་སྔར་བཞིན་གནས་ཡོད་པ་དང་སྐབས་དེ་དུས་བོད་དམག་ཁུལ་ཁང་གིས་ཟི་ལིང་དང་། ལན་ཀྲོའུ། པའོ་ཅི། ལའུ་ཡོན་བཅས་སྣེ་ལེན་ས་ཚིགས་བཞི་པོ་ལན་ཀྲོའུ་དམག་ཁུལ་གྱིས་ཚབ་གཉེར་བྱེད་ཀྱི་ཡོད ”ཅེས་ཁྲེ་ཅུན་ཞན་གྱིས་གསུངས།

        ཚེ་གང་བོད་ལྗོངས་ས་མཐོ་བརྗེད་མི་སྲིད།

        1986ལོར་ཁྲེ་ཅུན་ཞན་བོད་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པའི་གོ་གནས་ཐོག་ནས་ལས་འཁྱུར་གནང། ལས་འཁྱུར་ངལ་གསོ་བསྐྱོན་ནས་ལོ་བཅུ་ཡང་མ་སོང་བར་ཁྲེ་ཅུན་ཞན་གྱིས་རྨི་ལམ་དུའང་འཁོར་བའི་བོད་དུ་ཕྱིར་ལོག་གནང་། “1995ལོར་རང་སྐྱོང་ལྗོངས་དབུ་བཪྙེས་ནས་ལོ་30འཁོར་བའི་སྐབས་དེར་རང་ཉིད་ལྷ་སར་སླེབས་ཡོད། ལྷ་སའི་འཕོ་འགྱུར་ཧ་ཅང་ཆེན་པོ་འདུག ལུས་རྩལ་ཁང་དང་རྟེན་རྫས་བཤམས་མཛོད་ཁང་སོགས་བསྐྲུན་འདུག བོད་སྐྱོར་ལས་བྱེད་པ་འབོར་ཆེན་ཡང་ལྷ་སར་འབྱོར་འདུག་ལ་ལྷ་སར་མིའང་མང་དུ་སོང་ནས་ང་ཚོའི་དུས་དང་བསྡུར་ན་ཧ་ཅང་འགྱུར་ལྡོག་ཆེན་པོ་འདུག རང་སྐྱོང་ལྗོངས་དབུ་བཪྙེས་ནས་ལོ་40འཁོར་སྐབས་རང་ཉིད་གཟུགས་པོས་རྐྱེན་པས་འགྲོ་ཐུབ་མ་བྱུང་བས་ངའི་ཚབ་ཏུ་བུ་བཏང་བ་མ་ཟད། ད་དུང་ཆབ་སྲིད་ཨུ་ཡོན་ཐེན་ཀོན་སེན་གྱི་དུར་སར་ས་བསྣན་པར་འགྲོ་རྒྱུ་མངགས་བྱ་བྱས་པ་ཡིན ”ཞེས་གསུངས།

        དམག་དཔོན་རྒན་གྲས་ཀྱིས་གསར་འགོད་པར “རང་ཉིད་ཀྱི་ཚེ་གང་བྱ་གཞག་དེ་བོད་དུ་ཡོད་པས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཧ་ཅང་དོ་ཁུར་བྱེད་ཀྱི་ཡོད། ད་ཆ་མེ་འཁོར་ཤར་གཏོང་ཐུབ་པས་མཚོ་བོད་ལྕགས་ལམ་བརྒྱུད་སའི་ལམ་ཕལ་ཆེ་བ་ང་ལ་རྒྱུས་མངའ་ཆེན་པོ་ཡོད། ད་ཆ་ངས་སྐབས་རེ་བོད་དང་འབྲེལ་བའི་དཔྱད་གཞི་བལྟ་གི་ཡོད་ལ་ཆབ་སྲིད་ཨུ་ཡོན་དབྱིང་ཧྥ་ཐང་གིས་ཀྱང་བོད་ཀྱི་གནས་ཚུལ་ཁག་གཅིག་ངོ་སྤྲོད་གནང་བ་མ་ཟད 《བོད་ཀྱི་ཡུལ་སྲོལ་གོམས་འདྲིས 》དང 《བོད་ཀྱི་དོན་ཆེན 》སོགས་ཀྱི་དཔེ་དེབ་འཁྱེར་ཡོང་གི་ཡོད། ད་ཆ་ལོ་རྒས་ནས་མིག་ཤེད་ཀྱང་ཉམས་འདུག སྐབས་རེ་བུས་འོད་སྡེར་འཁྱེར་ཡོང་གི་ཡོད་པས་རང་ཉིད་ཀྱིས་འོད་སྡེར་བལྟས་ནས་བོད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད ”ཅེས་གསུངས།

        དམངས་གཅེས་དཔུང་སྡེར་དམངས་ཀྱི་གོང་བཀུར་ཐོབ།

        ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་བོད་ཀྱི་གང་སར་དཔུང་སྡེའི་དཔོན་དམག་དང་མང་ཚོགས་དབར་གྱི་འབྲེལ་བ་ཡག་པོ་དེ་ཉ་ཆུ་ལྟར་ཧ་ཅང་ཟབ་མོ་ཡོད། དེའི་སྐོར་གླེང་སྐབས་བགྲེས་སོང་གིས་བསྟུད་མར “དེ་ག་རེད། དེ་ག་རེད། དེ་ག་རེད ” ཅེས་ཁས་ལེན་གནང་ནས “དེ་ནི་དངོས་འབྲེལ་ཉ་ཆུ་ལྟ་བུའི་བརྩེ་སེམས་རེད ”ཅེས་གསུངས།

        “ཞི་བས་བཅིངས་འགྲོལ་མ་བཏང་གོང་མི་སེར་ཚོར་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་ཕོག་གི་ཡོད། དུས་ཡུན་རིང་བའི་མུན་ནག་བརྒྱུད་རྗེས་སླར་ཡང་བཅིངས་འགྲོལ་དམག་གི་དམངས་གཅེས་བྱ་སྤྱོད་མིག་མཐོང་བྱུང་ཡོད། བཅིངས་འགྲོལ་དམག་གིས་མང་ཚོགས་ལ་ཆུ་ལེན་རོགས་དང་། གཙང་སྦྲ་བྱེད་རོགས། མེ་ཤིང་དབོར་རོགས་བཅས་བྱས་པ་མ་ཟད། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་བ་གཅིག་ཀྱང་བྱེད་ཀྱི་མེད། དཔུང་སྡེ་ཡག་པོ་དེ་ལྟ་བུ་ཁོང་ཚོས་སྔོན་ཆད་གཏན་ནས་མཐོང་མྱོང་མེད། ཁོང་ཚོས་སྔོན་ཆད་མཐོང་བའི་དམག་དཔུང་ཚང་མ་མི་སེར་ལ་བཪྙས་བཅོས་བྱེད་མཁན་དམག་དཔུང་ཤ་སྟག་ཡིན། བཅིངས་འགྲོལ་དམག་ལ་མི་སེར་ཚོས་སེམས་གཏིང་ནས་བཀའ་དྲིན་ཚོར་བ་དང་བརྩི་བཀུར་ཞུ་གི་ཡོད། དེ་དུས་མི་སེར་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་ཀྱང་ཁོང་ཚོས་རང་འགུལ་ངང་ཁྱིམ་ནང་གི་ཅ་དངོས་ངོ་དྲག་པ་རྣམས་འཁྱེར་ཡོང་ནས་བཅིངས་འགྲོལ་དམག་ལ་སྤྲོད་ཀྱི་ཡོད་ཀྱང་དཔུང་སྡེའི་སྒྲིག་ཁྲིམས་ཧ་ཅང་ནན་པོ་ཡོད་པས་མང་ཚོགས་ཀྱི་ས་ནས་ཁབ་སྐུད་ཙམ་ཡང་ལེན་ཆོག་གི་མེད ”ཅེས་གསུངས།

        “དཔུང་སྡེའི་དཔོན་དམག་ཚོའང་བོད་རིགས་མང་ཚོགས་དང་ཧ་ཅང་མཐུན་པོ་ཡོད། ང་ཚོས་བོད་རིགས་མང་ཚོགས་སམ་ཡང་ན་མཐོ་རིམ་སྐུ་དྲག་གང་ཡིན་རུང་ཚང་མར་ཟོལ་མེད་ཀྱི་ལྟ་སྟངས་འཛིན་གྱི་ཡོད། རང་ཉིད་ལྷ་སར་སྡོད་སྐབས་བོད་རིགས་གྲོགས་པོ་ཧ་ཅང་མང་པོ་ཡོད་པས་རྟག་ཏུ་འགྲོ་འོང་བྱེད་པ་མ་ཟད། ལོ་གསར་དང་དུས་ཆེན་སྐབས་སུའང་འགྲོ་འོང་བྱེད་ཀྱི་ཡོད། ཚང་མའི་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད། རང་ཉིད་དང་ང་ཕོད་ངག་དབང་འཇིགས་མེད་དང་ཅིན་ཀྲུང་རྒྱལ་མཚན་ཕུན་ཚོགས་སོགས་བོད་ཀྱི་མཐོ་རིམ་རྒྱལ་གཅེས་མི་སྣ་དང་ཡང་འབྲེལ་བ་ཤིན་ཏུ་ཡག་པོ་ཡོད ”ཅེས་གསུངས།

        རང་ཉིད་བོད་དུ་ལས་ཀ་བྱས་ནས་ལོ་སུམ་ཅུ་ལྷག་ཙམ་སོང་རིང་གི་བྱ་བར་ཕྱིར་དྲན་བྱེད་སྐབས་ཁྲེ་ཅུན་ཞན་གྱིས “བློ་བག་ཕེབས་པོའི ”ཐོག་ནས་རགས་བསྡུས་གནང་ཞིང་། ཁོང་གིས “སྐབས་དེ་དུས་དཔུང་སྡེའི་གོང་འོག་ཚང་མ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱས་ནས་སྐད་ཆ་གང་ཞིག་ཡོད་ཀྱང་ཕན་ཚུན་ཤོད་རེས་བྱས་ཏེ་ཚང་མས་བློ་སྙིང་བསྟན་པ་ལས་དོགས་ཟོན་བྱེད་ཀྱི་མེད་ལ་ང་དང་ཁྱེད་ཀྱི་དབྱེ་བ་མེད་པར་མི་དང་མིའི་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས་སྣང་བ་སྐྱིད་པོ་ཡོད ”ཅེས་གསུངས།

        གྲོ་མོར་བཅའ་སྲུང་བྱས་ནས་མཐའ་མཚམས་སྲུང་སྐྱོང་བྱས།

        “1968ལོར་ང་གྲོ་མོར་འབྱོར། སྐབས་དེ་དུས་ཐོན་155ཡི་ཕལ་ཆེ་བ་དང་། ཐོན་157གྱི་ཁག་གཅིག ད་དུང་མེ་སྒྱོགས་དམག་གི་ཡིང་གཉིས་བཅས་ཀྱི་མི་བཞི་སྟོང་ལྔ་སྟོང་ཞིག་གིས་མཐའ་མཚམས་བརྟན་སྲུང་བྱས་ཡོད། སྐབས་དེ་དུས་གྲོ་མོ་མཐའ་སྲུང་ལས་དོན་ཁང་གིས་ཐད་ཀར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་གཡུལ་འགྱེད་པུའུ་ལ་ཁ་པར་ཐོག་ནས་སྙན་སེང་ཞུས་པ་མ་ཟད། ཐད་ཀར་ཙུང་ལི་ཀྲོའུ་ཨེན་ལའེ་ལ་བརྒྱུད་སྤྲོད་བྱས་ཡོད། ཀྲོའུ་ཙུང་ལིར་བཀའ་སློབ་གང་ཡོད་པ་དེའང་ཐད་ཀར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་གཡུལ་འགྱེད་པུའུ་ནས་ང་ཚོར་བརྒྱུད་སྤྲོད་བྱེད་ཀྱི་ཡོད ”ཅེས་གསུངས་བྱུང་།

        ཁྲེ་ཅུན་ཞན་གྱིས་རང་ཉིད་གྲོ་མོར་བཅའ་སྲུང་བྱེད་སྐབས་ཀྱི་སྔར་སོང་གནས་ཚུལ་འགའ་ཕྱིར་དྲན་གནང་བཞིན་འདུག

        “གྲོ་མོར་སྡོད་སྐབས་རང་ཉིད་ཀྱིས་གྲོ་མོ་རྫོང་སྲིད་གཞུང་གི་ལས་དོན་ཁག་གཅིག་ལའང་གཅིག་ལྕོགས་སུ་དོ་དམ་བྱས་པ་ངེས་ཀྱི་འདུག སྐབས་དེ་དུས ‘རིག་གནས་གསར་བརྗེ ’འགོ་བཙུགས་པ་དང་རྫོང་སྲིད་གཞུང་ཉམས་དམས་སུ་འགྲོ་བའི་གནས་སུ་གྱར་ཡོད། རང་ཉིད་ཀྱིས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས་མང་ཚོགས་སྐུལ་སློང་གིས་ཐོན་སྐྱེད་བྱེད་དུ་བཅུག་པ་ཡིན། མང་ཚོགས་ཀྱི་ཀན་ཧྲི་ཞིག་ཡོད་པ་དེའི་མིང་ལ་སྤེན་པ་ཟེར་བ་དང་ཁོང་བོད་ལྗོངས་སྤྱི་སློབ་ནས་ཐོན་པའི་སློབ་མ་ཞིག་ཡིན་པས་ང་ལ་སྐད་སྒྱུར་བྱེད་ཀྱི་ཡོད། ངའི་བོད་སྐད་ཆུ་ཚད་དེ་འཚོ་བའི་ཐད་ཀྱི་སྟབས་བདེའི་སྐད་ཁག་གཅིག་དཔེར་ན་ལམ་འདྲི་བ་སོགས་ཤོད་ཐུབ་པ་ལས་སྲིད་ཇུས་ཤོད་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག རང་ཉིད་ཀྱིས་མང་ཚོགས་ལ ‘བརྟན་ལྷིང་དགོས་ཚེ་མཐའ་སྲུང་ཟང་ཟིང་བྱེད་རྒྱུ་མེད་པར་དང་ཐོག་ཐོན་སྐྱེད་ཡག་པོ་བྱས་ནས་འཚོ་བ་ཡག་པོ་སྐྱེལ་དགོས་ཚུལ ’བརྗོད་ཀྱི་ཡོད། སྐབས་དེ་དུས་མཐའ་སྲུང་ཧ་ཅང་གལ་ཆེན་པོ་ཡིན་པས་དོ་དམ་མ་བྱས་ན་མི་འགྲིག མི་སེར་ཚོར་སྔོན་ལ་ཟིང་རྒྱག་ཏུ་འཇུག་རྒྱུ་མེད། མཐའ་སྲུང་བརྟན་པོ་ཡོང་ཆེད་རང་ཉིད་ཀྱིས་ད་དུང་མཐའ་མཚམས་རྒྱུད་ཀྱི་ཤར་རི་གྲོང་ཚོ་སོགས་སུ་མི་སེར་ལ་འཚམས་འདྲི་བྱེད་པར་བསྐྱོད་ཀྱི་ཡོད། ཁུལ་དེའི་མང་ཚོགས་ལ་བརྟན་ལྷིང་དེ་ཙམ་མེད་པའི་ཚོར་བ་བྱུང་ནས་རང་ཉིད་ཀྱིས་ཁོང་ཚོར ‘ཁྱེད་ཚོ་དངངས་འཚབ་བྱེད་དགོས་དོན་མེད། བློ་བདེ་པོ་གྱིས། དཔུང་སྡེ་ཡོད་པའི་རྗེས་ལ་གནས་ཚུལ་གང་ཡང་ཐོན་མི་སྲིད་ཅེས་བརྗོད་པ་ཡིན ’ མང་ཚོགས་ཁྲོད་རྟག་ཏུ་བསྐྱོད་པའི་དབང་གིས་རིམ་བཞིན་ཕན་འབྲས་ཀྱང་ཐོན་འགོ་ཚུགས་སོང ”ཞེས་གསུངས།

        “གྲོ་མོར་བཅའ་སྲུང་བྱེད་སྐབས་ང་ཚོ་ཚང་མ་མི་སེར་གྱི་ཁྱིམ་དུ་གནས་ཚང་གཡར་ནས་སྡོད་ཀྱི་ཡོད། རང་ཉིད་རིན་ཆེན་སྒང་གི་བོད་རིགས་དུད་ཚང་གཅིག་ནང་སྡོད་ཀྱི་ཡོད། ཁང་བདག་ནི་ལོ་ལྔ་བཅུ་དྲུག་ཅུར་སོན་པའི་ཨ་མ་རྒན་མོ་ཞིག་ཡིན་པ་ངས་དྲན་གྱི་འདུག ཁོང་གིས་ཉིན་ལྟར་ང་ལ་ཇ་བསྲུབས་མ་སྟེར་གྱི་ཡོད། ང་ཚོ་གྲོ་མོ་རྫོང་གི་ཤར་གསིང་མ་གྲོང་རྡལ་དུའང་སྡོད་མྱོང་ཡོད ”ཅེས་གསུངས་བྱུང་། ཤོད་མཚམས་འདིར་དམག་དཔོན་རྒན་གྲས་ཀྱིས་གསར་འགོད་པར་ཁྱེད་ཚོ་གྲོ་མོར་འགྲོ་མྱོང་ཡོད་དམ། རིན་ཆེན་སྒང་དུ་འགྲོ་མྱོང་ཡོད་དམ་ཞེས་དྲིས། གསར་འགོད་པས་གཞིས་རྩེའི་གསར་འགོད་པའི་ས་ཚིགས་སུ་ལོ་མང་སྡོད་མྱོང་ཡོད་པ་དམག་དཔོན་རྒན་གྲས་ལ་ཤོད་སྐབས་དམག་དཔོན་རྒན་གྲས་དེ་མ་ཐག་སེམས་ཤུགས་ཆེ་རུ་སོང་། ཁོང་གིས་རིན་ཆེན་སྒང་གི་གནས་ཚུལ་དོ་ཁུར་ཆེན་པོས་བཀའ་འདྲི་གནང་བ་དང་2006ལོའི་ཟླ་བ་བདུན་པར་གྲོ་མོའི་འགག་སྒོ་སླར་གསོ་བྱུང་བ་དང་རིན་ཆེན་སྒང་མཐའ་མཚམས་ཉོ་ཚོང་ཁྲོམ་ར་བཙུགས་ཟིན་པ་མ་ཟད། ས་གནས་མི་སེར་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་མཁྱེན་རྗེས་ཁོང་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员