[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>རིམ་སྤེལ་དཔྱད་གཏམ་དང་རྩོམ་ཡིག>དཔྱད་གཏམ་གལ་ཆེན།
  • བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས།

    —— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་བཅུ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-07-23

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་བརྒྱུད་དགོས་ངེས་ཀྱི་འགྲོ་ལམ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་མཛུབ་ཁྲིད་བྱེད་པའི་རིགས་པའི་གཞུང་ལུགས་ཡང་དག་ཅིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞུམ་མེད་མདུན་སྐྱོད་བྱེད་པར་ལྕག་སྐུལ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན”དང་། “ང་ཚོས་སྐྱོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཧ་ཅང་ཡངས་ཤིང་རྒྱ་ཆེ་བའི་དུས་རབས་ཀྱི་གར་སྟེགས་དང་། ཧ་ཅང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ནང་དོན་ཞིབ་ཆ། ཧ་ཅང་ཆེ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་བཅས་ལྡན་ཡོད”“ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ཀྱི་སྒོ་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་དགོས”ཞེས་བསྟན་གནང་ཡོད།

    དར་ཆས་ཁ་ཕྱོགས་གསལ་སྟོན་བྱེད། ལམ་བུས་ལས་དབང་གཏན་འཁེལ་བྱེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་དེ་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བོད་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་སྐྱོད་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་འགྲོ་ལམ་ཞིག་དང་། མི་དམངས་རང་ཁྱིམ་རང་བདག་གི་འགྲོ་ལམ་ཞིག མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བའི་འགྲོ་ལམ་ཞིག ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐུབ་པའི་འགྲོ་ལམ་ཞིག རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཅས་རེད། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་ལོ་རྒྱུས་དེས་རླབས་ཆེན་གྱི་བདེན་དོན་ཞིག་གསལ་པོར་བསྟན་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ན་གཞི་ནས་བོད་ལྗོངས་ལ་དར་རྒྱས་གོང་འཕེལ་གྱི་དེང་དུས་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་རྒྱུ་ཡིན་པ་དེ་རེད།

    འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཕྱོགས་གཅིག་ནས“མངའ་བདག་ཆེན་པོ་གསུམ”གྱི་དབང་སྒྱུར་འོག་གི་བོད་རྙིང་པ་མཛེས་བཟོ་གང་ཐུབ་བྱས་ཏེ་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལམ་རྙིང་པའི་ཐོག་བསྐྱར་ལོག་རྒྱག་རྒྱུའི་རེ་ངན་བཅངས་པ་དང་། ཕྱོགས་གཞན་ཞིག་ནས“དབུ་མའི་ལམ”ཟེར་བ་འུད་སྒྲོག་ཡང་ཡང་བྱས་ཏེ“རྣམ་པ་འགྱུར་བའི་རང་བཙན”ཡོང་རེ་བྱས་ནས་བོད་འདི་ཉིད་མེས་རྒྱལ་ནས་ཁ་ཕྲལ་གཏོང་བའི་ལོག་ལམ་ཐོག་བསྐྱོད་རྒྱུའི་རེ་ངན་བཅངས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྐྱོད་བསམས་པའི་ལམ་རྙིང་པ་དང་ལོག་ལམ་དང་བོད་ཀྱི་མི་དམངས་ཀྱིས་རང་རྟོགས་ངང་གདམ་ག་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་སྟེ་འགྲོ་ལམ་གསར་རྐྱང་དང་འགྲོ་ལམ་ཡང་དག་དེ་དང་ངོ་བོ་རྦད་དེ་ཐ་དད་པའི་འགྲོ་ལམ་ཞིག་རེད། ལོ་རྒྱུས་ཀྱི་འཁོར་ལོ་ཆད་མེད་མདུན་དུ་འཁོར། དུས་རབས་ཀྱི་རླབས་རྒྱུན་དྲག་པོ་དགུང་དུ་འཕྱུར། མི་སུ་འདྲ་ཞིག་དང་རྩ་འཛུགས་གང་འདྲ་ཞིག་ཡིན་རུང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་མུན་ནག་གི་དུས་རབས་སུ་བསྐྱར་ལོག་བྱ་རྒྱུའི་རེ་ངན་འཆང་གི་ཡོད་ན་དེར་གནམ་ས་འཛོལ་བའི་སྤྱི་ཚོགས་གསར་རྙིང་བརྒྱུད་མྱོང་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཁས་གཏན་ནས་མི་ལེན་ལ་ངོ་རྒོལ་མཐའ་གཅིག་ཏུའང་བྱ་རྒྱུ་རེད། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མིན་པར་དེ་ནི་སྲིད་དབང་སྲུང་སྐྱོང་དང་། དར་ཆ་སྲུང་སྐྱོང་། འགྲོ་ལམ་སྲུང་སྐྱོང་བཅས་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་དྲག་པོ་ཞིག་ཡིན་པ་ང་ཚོས་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ད་བར་འགྱུར་ལྡོག་གཏན་ནས་འགྲོ་མྱོང་མེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་བྱེད་མཚམས་ད་བར་འཇོག་མྱོང་མེད་པ་མ་ཟད། ད་དུང་ཏཱ་ལའི་རུ་ཚོགས་ཀྱིས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་མཚམས་ཀྱང་གཏན་ནས་འཇོག་མྱོང་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་བཅས་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། ང་ཚོས། ཏཱ་ལའི་རུ་ཚོགས་ལ་འཛིན་པའི་ཀྲུང་དབྱང་གི་འཐབ་རྩོད་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐོག་རིག་པ་དྭངས་གསལ་ཡོང་བ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་གསལ་པོ་རྟོགས་པ་བྱེད་དགོས། རང་འགུལ་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་ཧ་ཅང་གསལ་སྟོན་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་ཧ་ཅང་རང་རྟོགས་བཅས་ཡོང་བ་བྱེད་པ་ལས་རབ་རིབ་སྤུ་ཙམ་ཡང་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ནས་བློ་སྟོབས་གཅིག་སྒྲིལ་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ངར་ལྕགས་ཀྱི་ལྕགས་རི་རིང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཚང་མའི་བརྗོད་དོན་གཙོ་བོ་དང་། ཏང་དང་མི་དམངས་ཀྱིས་དཀའ་བ་དུ་མ་ཁྱད་དུ་བསད་པ་དང་བློས་གཏོང་མང་པོ་བྱས་པ་ལས་བྱུང་བའི་རྩ་བའི་གྲུབ་འབྲས་ཤིག་རེད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲངས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས་པ་ནི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ། “མོས་སེམས་ལྔ”ཟབ་ཏུ་ཏན་ཏིག་གཏོང་བ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམིགས་པ། ཕུ་ཐུང་བརྫེས་ཏེ་ངར་ཤུགས་སྒྲིམ་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གསར་སྒྱུར་དང་གསར་གཏོད་བྱེད་ཕོད་པ་བྱེད་པ། ནམ་ཡང་འཕེལ་མེད་རང་སོར་མི་གནས་པ་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་གསར་པ་ཧུར་ཐག་བརྩོན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།