[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>རིམ་སྤེལ་དཔྱད་གཏམ་དང་རྩོམ་ཡིག>དཔྱད་གཏམ་གལ་ཆེན།
  • བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས།

    —— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་བརྒྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-07-19

    “རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་མི་དམངས་ལ་བདག་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆེས་རྒྱ་ཁྱབ་དང་། ཆེས་ཡང་དག ཆེས་གོ་ཆོད་བཅས་ཀྱི་དམངས་གཙོ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བར་མི་དམངས་ཀྱི་བསམ་འདུན་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་ལེན། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་བླང་བྱ་གསལ་བཤད་གཏིང་ཟབ་གནང་ཡོད།

    “དུས་ཐུང་ལོ་ངོ་བཅུ་ཕྲག་རིང་། ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང”ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་གནང་སྟེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་སློག་བཏང་བ་དང་། 

    སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་རྐྱང་ཞིག་བཙུགས་ནས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་སྐྱོད་འགོ་ཚུགས་ནས་དེ་སྔའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་རྒྱལ་ཁབ་ཀྱི་ལས་དོན་ནང་འདྲ་མཉམ་ངང་ཞུགས་པ་དང་དོ་དམ་བྱེད་པ་དང་ས་ཁུལ་འདི་ག་དང་མི་རིགས་འདི་གའི་ལས་དོན་ལ་རང་བརྟེན་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། རང་ཉིད་ཀྱི་ལས་དབང་གི་ཁ་ལོ་སྒྱུར་མཁན་བདག་པོ་ངོ་མར་ཡང་གྱུར་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང“སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་བཏང་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཁར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། དམངས་གཙོའི་ཆབ་སྲིད་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་ཤིག་མངོན་ཡོད། བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱས་པའི་འོད་སྟོང་འཕྲོ་བའི་ལག་ལེན་ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆེས་རྒྱ་ཁྱབ་དང་། ཆེས་ཡང་དག ཆེས་གོ་ཆོད་བཅས་ཀྱི་དམངས་གཙོ་ཞིག་ཡིན་པ་གང་ལེགས་མཚོན་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་དེ་བས་ཀྱང་ཆེ་རུ་སོང་ཡོད།

    འོན་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁོ་པ་ཚོའི་འཚོ་རྟེན་དུ་གྱུར་པའི་ལམ་ལུགས་རྙིང་པ་དེ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་གད་སྙིགས་ནང་དུ་གཡུག་པ་ནད་མི་ཐེག་པས། ཕྱོགས་གཅིག་ནས་མ་རུང་ཁོག་བཅུག་གིས་ནུས་ཤུགས་གང་ཡོད་བཏོན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་ཀྱི་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཚིག་མཚོན་འདེབས་པ་དང་། ཕྱོགས་གཞན་ཞིག་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པར་ངོ་ཚ་ཁྲེལ་མེད་ངང་མཛེས་བཟོ་བྱེད་པ་མ་ཟད། ད་དུང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི“ཆེས་ཡིད་འོང་དང་ཆེས་བླ་ན་མེད་པའི་ལམ་ལུགས་ཤིག་ཡིན”ཞེས་འུད་སྒྲོག་ཀྱང་བྱེད་ཀྱི་ཡོད། བོད་རྙིང་པ་བརྒྱུད་མྱོང་བའི་རྒྱ་ཆེའི་ཡར་ལངས་ཞིང་བྲན་ཚོར་བོད་རྙིང་པ་ནི་སྤྱི་ཚོགས་གང་འདྲ་ཞིག་ཡིན་མིན་གསལ་པོ་ཤོད་རྒྱུ་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་བོད་རྙིང་པ་ནི་དུས་རབས་དཀྱིལ་མའི་ཡོ་རོབ་ལས་ཀྱང་མུན་ནག་དང་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་རེད། བོད་ཀྱི་མི་གྲངས་བསྡོམས་འབོར་གྱི་5%ཡང་མ་ཟིན་པའི་ཞིང་བྲན་བདག་པོས་རྒྱུ་ནོར་ཕལ་ཆེ་བ་བཟུང་བ་དང་། མི་གྲངས་བསྡོམས་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་ཚོར་ཐོན་སྐྱེད་རྒྱུ་ཆ་དང་རང་ལུས་རང་དབང་གཏན་ནས་མེད་པར་གདུག་རྩུབ་ཤིན་ཏུ་ཆེ་བའི་ཆབ་སྲིད་ཀྱི་གཉའ་གནོན་དང་དཔལ་འབྱོར་གྱི་བཤུ་གཞོག་ལྕི་པོ་མྱོང་དགོས་པས། མི་ཞིག་བྱེད་པའི་དབང་ཆ་ཡེ་ནས་གླེང་ཐབས་བྲལ་ལ་དམངས་གཙོའི་ཆབ་སྲིད་དབང་ཆ་ཟེར་བ་དེ་བས་ཀྱང་གླེང་ཐབས་བྲལ། བོད་ཀྱི་མི་དམངས་ཀྱི་མཇིང་པར་བཞོན་ནས་བཙན་པོ་དབང་ཡོད་ཤོད་པ་དང་གང་འདོད་ཅི་འདོད་བྱེད་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྤྱིའི་མཚོན་བྱེད་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཞིང་བྲན་དང་བྲན་གཡོག་ཚོའི་ཉམ་ཐག་པའི་གནས་ཚུལ་དང་འདྲ་མཉམ་མིན་པའི་སྤྱི་ཚོགས་གནས་བབ་ཐད་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་ངམ། མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཆེས་རྗེས་ལུས་ཀྱི་ལམ་ལུགས་འདིའི་སྤྱིའི་མཚོན་བྱེད་ཡིན་པའི་ཏཱ་ལས། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས“ནམ་ཡང་མི་འགྱུར་བའི”སྟོང་བསམ་བཅངས་བ་དང་། དྲག་པོའི་ངོ་ལོག་ཟིང་འཁྲུག་ཕམ་ནས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་རྗེས་སྔར་བཞིན་རྒྱལ་ཁབ་གང་གིས་ཀྱང་ཁས་མི་ལེན་པའི་སྲིད་གཞུང་རྫུས་མ་དང་། གྲོས་ཚོགས་རྫུས་མ། རྩ་ཁྲིམས་རྫུས་མ་བཅས་ལ་བརྟེན་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་ལམ་ལུགས་ཀྱི་རྒྱུན་མཐུད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་དེའི་རྩ་འཛུགས་མཐའ་དག་ལ་ཁ་ལོ་སྒྱུར་བའི་དབང་ཆ་ཡོད། ཏཱ་ལའི་རུ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང“དམངས་གཙོའི་ཆབ་སྲིད”ཟེར་བའི་འདོམས་རས་ལྷེབ་ཙམ་དེ་ལ་བརྟེན་ནས་ནང་གི་འགལ་བ་སྣ་ཚོགས་སྦ་གསང་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྙིང་རྗེ་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དེ་ནས་ཁོ་པའི“དམངས་གཙོ”ཟེར་བ་དེའི་གཡོ་རྫུས་རང་བཞིན་དང་ཁུངས་མེད་ལུང་མེད་རང་བཞིན་ཡོངས་སུ་མངོན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“དབུ་མའི་ལམ”དང“ཚད་མཐོའི་རང་སྐྱོང”ཟེར་བའི་གཏམ་འཆལ་སྤེལ་ནས་ལོ་རྒྱུས་དང་། དངོས་ཡོད། བཅའ་ཁྲིམས་བཅས་ཀྱི་གཞི་འཛིན་ས་གཏན་ནས་མེད་པའི“བོད་ཆེན་པོ”ཡོང་རེ་བྱེད་ཀྱི་ཡོད། དེའི་ངོ་བོ་ནི་སྒེར་གཅོད་ཀྱི་སྲིད་དབང་རྙིང་པ་སླར་གསོ་བྱེད་པའི་ཆེད་དུ་ཡིན་པས་དངོས་གནས་དྲང་གནས་ཀྱི་དམངས་གཙོའི་ཆབ་སྲིད་དང་རྦད་དེ་རྒྱབ་འགལ་དུ་སོང་བ་ཞིག་རེད། བོད་ཀྱི་མི་དམངས་ལ་ཉིན་གཅིག་གི་དམངས་གཙོའི་དབང་ཆ་ཡང་སྤྲོད་མྱོང་མེད་པའི་མི་ཞིག་གིས་དམངས་གཙོ་ཆེ་གླེང་བྱེད་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་ལྡོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་བཏང་བས་ཕམ་ཉེས་ཡོང་རྒྱུ་ཉག་ཅིག་རེད།

    “དགུན་ཁའི་གྲང་ངར་མྱོང་མཁན་གྱིས། ཉི་མའི་དྲོ་སྐྱིད་ལྷག་པར་ཚོར” ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུ་ནི། ཉེ་རབས་ཚུན་དུ་ཀྲུང་གོ་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཀྱི་གྲུབ་འབྲས་ལྡོག་མེད་ཅིག་ཡིན་ལ། ཏང་གི་རྩ་བའི་ངོ་བོ་མཐའ་འཁྱོངས་དང་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བའི་བླང་བྱ་ལྡོག་མེད་ཅིག་ཀྱང་ཡིན། དེར་བརྟེན། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ལམ་བུར་བསྐྱོད་ཐོག དུས་དང་རྣམ་པ་ཀུན་ཏུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཆེས་རྒྱ་ཁྱབ་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དམངས་གཙོའི་ཆབ་སྲིད་ཀྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།