[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • མཉམ་འབྲེལ་དྲ་རྒྱའི་ནམ་མཁའ་དེ་བས་དྭངས་བར་བྱེད་དགོས།

    —— བོད་ལྗོངས་་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་སྐོར་གྱི་སྒྲིལ་གླེང་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།      |    སྤེལ་དུས།   2013-10-13

        མཉམ་འབྲེལ་དྲ་རྒྱ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པ་མ་ཟད། བསམ་བློའི་རིག་གནས་བརྒྱུད་སྤེལ་བྱ་རྒྱུར་ཤུགས་རྐྱེན་ཆེན་པོ་ལྡན་པའི་གཞི་རྟེན་ཞིག་ཀྱང་ཡིན། དྲ་རྒྱའི་ལག་རྩལ་འཕེལ་རྒྱས་དང་ཁྱབ་གདལ་ཕྱིན་པར་བརྟེན་མཉམ་འབྲེལ་དྲ་རྒྱ་འདི་ཉིད་གླེང་ཕྱོགས་ཀྱི་འཐབ་ས་གལ་ཆེན་དུ་གྱུར་ཡོད། གང་འདྲ་བྱས་ནས་འཐབ་ས་དེར་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་རྒྱལ་ཡོངས་ལ་འཕྲད་པའི་ཐུན་མོང་གི་དཀའ་གནད་ཅིག་ཡིན།

        རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐད་ཀའི་སྐུལ་འདེད་འོག་རང་ལྗོངས་ཀྱིས་འཕེལ་རྒྱས་དང་དོ་དམ་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་འབྲེལ་དྲ་རྒྱར་དོ་དམ་བྱ་རྒྱུ་དེ་གཞན་དབང་གི་ཐོག་ནས་ཁ་གཏད་གཅོག་པ་ནས་རང་འགུལ་གྱི་ཐོག་ནས་བཅོས་སྒྲིག་བྱ་རྒྱུར་གྱུར་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་བསྐང་བ་དང་སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད།

        རིམ་གསུམ་དོ་དམ་སྒྲིག་གཞི་བཙུཌ་པ་དང་འཐུས་ཚང་དུ་བཏང་བ།

        སྒྲིག་གཞི་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་མཉམ་འབྲེལ་དྲ་རྒྱའི་དྲིལ་བསྒྲགས་དོ་དམ་ལས་དོན་ནུས་ལྡན་ངང་སྤེལ་རྒྱུའི་གཞི་རྩའི་འགན་ལེན་ཞིག་ཡིན་ལ་སྒྲིག་གཞི་འཛུགས་རྒྱུ་ནི་རྩ་འཛུགས་ཀྱི་འགན་ལེན་ཡིན། དཔུང་ཁག་འཛུགས་སྐྱོང་ནི་འགན་ནུས་མཐོ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད།

        རང་ལྗོངས་ཀྱི་མཉམ་འབྲེལ་དྲ་རྒྱའི་དྲིལ་བསྒྲགས་དོ་དམ་ལས་དོན་གྱི་ཞབས་ཞུའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ནུས་ལྡན་འོག་2012ལོའི་ཟླ་5པར་རང་སྐྱོང་ལྗོངས་དྲ་རྒྱ་རིག་གནས་འཛུགས་སྐྱོང་དང་དོ་དམ་མཐུན་སྦྱོར་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་བཙུགས་པ་དང་2012ལོའི་ཟླ་12པར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རིམ་གཉིས་སྒྲིག་ཁོངས་གཞུང་དོན་ཁང་གིས་ཆོག་མཆན་སྤྲད་ནས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རུ “བོད་རང་སྐྱོང་ལྗོངས་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང ”གི་བྱང་བུ་བཀལ་བ་དེ་ནི་རྒྱལ་ཡོངས་སུ་མཉམ་འབྲེལ་དྲ་རྒྱའི་དོ་དམ་སྒྲིག་གཞི་དང་པོ་བཙུགས་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་གྲས་ཤིག་ཡིན། དེ་རྗེས་རང་སྐྱོང་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )7དང་རྫོང་74རུ་བབ་མཐུན་གྱི་སྒྲིག་གཞི་བཙུགས་པས་ལྗོངས་དང་ས་ཁུལ། རྫོང་བཅས་སུ་ཁྱབ་པའི་རིམ་གསུམ་གྱི་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ནང་དོན་དོ་དམ་གྱི་སྒྲིག་གཞི་ཁྱབ་ནས་མཉམ་འབྲེལ་དྲ་རྒྱའི་དྲིལ་བསྒྲགས་དོ་དམ་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

        སྒྲིག་གཞི་བཙུགས་ཚུན་རང་སྐྱོང་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་ཕྱོགས་གཅིག་ནས་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ཕྱོགས་གཞན་ཞིག་ནས་དྲ་རྒྱའི་དྲིལ་བསྒྲགས་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བར་བརྟེན་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ལྟ་སྐུལ་བྱེད་པའི་མཉམ་འབྲེལ་དྲ་རྒྱའི་དོ་དམ་གྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད།

        ཐོབ་ཐང་ངོ་མ་འགོད་རྒྱུ་ཚང་མར་ཁྱབ་པ།

        “ཧུར་ཐག་སྤྱོད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། ཁྲིམས་ལྟར་དོ་དམ། བདེ་འཇགས་འགན་ལེན ”བཅས་ཀྱི་རྩ་དོན་གཞིར་བཟུང་རང་སྐྱོང་ལྗོངས་ཀྱིས་དྲ་རྒྱའི་སྤྱི་ཚོགས་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ཡོད་པ་རེད།

        2011ལོའི་ཟླ་11པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས 《ཁ་པར་དང་མཉམ་འབྲེལ་དྲ་རྒྱར་ཐོབ་ཐང་ངོ་མ་འགོད་རྒྱུའི་སྐོར་གྱི་གཏན་འབེབས 》གྲོས་ཞིབ་བྱས་པ་དང་འབྲེལ་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་རང་སྐྱོང་ལྗོངས་སྲིད་གཞུང་གིས 《མཉམ་འབྲེལ་དྲ་རྒྱའི་ཐད་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་འགོད་རྒྱུར་དོ་དམ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས 》དང 《ཁ་པར་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་འགོད་རྒྱུར་དོ་དམ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས 》གཤམ་སྤེལ་བྱས་པས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཁྲོད་དུ་ཁ་པར་དང་མཉམ་འབྲེལ་དྲ་རྒྱའི་ཐད་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་འགོད་མཁན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་འབའ་ཞིག་ལ་གྱུར་ཡོད།

        ད་ཕན་ལོ་གཉིས་རིང་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན། ཁ་པར་སྤྱོད་མཁན་ཁྲི་44.18ལ་ཐོབ་ཐང་ངོ་མའི་ཆ་འཕྲིན་གསབ་པ་དང་། ཚོགས་པའི་ཚོང་འགྲུལ་པ་97917ལ་ཐོ་འགོད་གསབ་པའི་ལས་དོན་སྤེལ་བ། སྒྲིག་འགལ་གྱི་ཚབ་ཚོང་ཁང་4298མེད་པ་བཟོས་པ། ནུས་པ་མེད་པའི་ཁ་པར་སྤྱོད་མཁན་ཁྲི་1.3ལ་འཕྲིན་གཏོང་གི་ཞབས་ཞུ་མཚམས་འཇོག་བཅས་བྱས་པ་རེད། མིག་སྔར་ལྗོངས་ཡོངས་སུ་ཁ་པར་སྤྱོད་མཁན་ཁྲི་276དང་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་ཁྲི་175.7ཚང་མར་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་ཐབས་ལག་བསྟར་བྱས་པ་དང་ས་གནས་དེ་གའི་མཉམ་འབྲེལ་དྲ་རྒྱའི་དྲ་ཚིགས་ཚང་མར་མིང་ངོ་མ་འགོད་པའི་བྱེད་ཐབས་ལག་བསྟར་བྱས་ཡོད། ཁ་པར་དང་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་ལ་ཐོབ་ཐང་ངོ་མ་འགོད་པའི་ལས་དོན་སྤེལ་བ་དེས་ཕྱོགས་གཅིག་ནས་ཁྲིམས་འགལ་གྱི་གནོད་འཚེའི་ཆ་འཕྲིན་ཁྱབ་སྤེལ་དང་གང་སར་ཁྱབ་རྒྱུ་འབྱུང་རྩ་ནས་བཀག་འགོག་ནུས་ལྡན་བྱུང་བ་མ་ཟད། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་གྱི་ཁྲིམས་མཐུན་དབང་ཆ་འགན་ལེན་དང་སྲུང་སྐྱོབ་ཏན་ཏིག་ཐུབ་པ་དང་འབྲེལ་དྲ་རྒྱའི་རིག་གནས་ཀྱི་ཁོར་ཡུག་གཙང་སེལ་ནུས་ལྡན་ཐུབ་ཡོདཔ་དང་། ཕྱོགས་གཞན་ཞིག་ནས་གློག་འཕྲིན་ལས་རིགས་ཀྱི་རྨང་གཞིའི་དོ་དམ་ཚད་ལྡན་དུ་ཕྱིན་ནས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་འཕྲིན་གཏོང་དང་དྲ་རྒྱའི་ཁོར་ཡུག་བསྐྲུན་ཐུབ་པ་བྱུང་བ་རེད།

        གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་བཏང་བ།

        བོད་ཀྱི་དྲ་རྒྱའི་གསར་འགྱུར་དྲིལ་བསྒྲགས་བྱེད་འགོ་འཛུགས་ཕྱི་བ་དང་རྨང་གཞི་ཞན་པས་བོད་ཀྱི་དྲ་རྒྱའི་གསར་འགྱུར་དྲིལ་བསྒྲགས་ཀྱི་གཡུལ་ས་བཟུང་ཆེད་རང་སྐྱོང་ལྗོངས་ཀྱིས་དྲ་རྒྱའི་གླེང་ཕྱོགས་ཀྱི་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

        ཟླ་9ཚེས་22ཉིན་ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་པར་གཞི་གསར་རྐྱང་བཏོན་པ་དང་སྦྲགས་པར་གཞི་བཟོ་བཅོས་ཐེངས་བཞི་བརྒྱབ་པ་དང་ལག་རྩལ་རིམ་སྤོར་སྒྱུར་བཀོད་བྱས་རྗེས་ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ་དེ་རང་ལྗོངས་སུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཡིན་པའི་གསར་འགྱུར་གྱི་གཙོ་ཆེའི་དྲ་ཚིགས་སུ་འགྱུར་བ་དང་འབྲེལ་རྒྱལ་ཁབ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཁག་དྲུག་པའི་དྲ་ཚིགས་ཐོག་གསར་འགྱུར་བརྒྱུད་འགོད་བྱེད་ཆོག་པའི་གསར་འགྱུར་ཚན་པའི་མིང་ཐོའི་ནང་བླུགས་པ་རེད། བོད་ཀྱི་ས་ཆ་དེ་གའི་གྲགས་ཅན་དྲ་ཚིགས་གཞན་ཞིག་ཡིན་པའི་ཀྲུང་གོ་བོད་ལྗོངས་རླུང་འཕྲིན་དྲ་བའི་སྟེགས་བུ་གསར་པའང་བདེ་བླག་ངང་བསྐྲུན་ཐོག་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་བཞི་དང་《བོད་ལྗོངས་གསར་འགྱུར་མཉམ་བསྒྲགས 》སྲུང་སྐར་བཪྙན་འཕྲིན་ལེ་ཚན་དྲ་ཐོག་ནས་བལྟ་བ་དང་དུས་ཐོག་ཏུ་ལྟ་རྒྱུ་མངོན་འགྱུར་བྱུང་ཡོད།

        སྨྱན་སྦྱོར་གསར་པ་འཛུགས་སྐྲུན་བྱེད་པའི་ཐོག་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་གྲུབ་འབྲས་ཐོབ་པའི་ངང་བོད་ལྗོངས་ལག་ཐོགས་ཁ་པར་ཚགས་པར་གསར་དུ་གཉེར་བར་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་བསྲེས་བྱུང་བ་དང་མིག་སྔར་སྤྱོད་མཁན་ཁྲི་4ལྷག་ཙམ་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་རིང་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་32.25ལ་དུས་ཐོག་ཏུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་བོད་ཡིག་ཆ་འཕྲིན་བསྐུར་བ་རེད། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གིས་གསར་འགྱུར་གྱི་ཐོན་ཁུངས་དང་། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ལ་ཁ་ཕྱོགས་པའི་བོད་སྐད་སྐད་བརྡའི་ལག་ཐོགས་ཁ་པར་གྱི་ཚགས་པར་བཏོན་པ་རེད།

        ཁྲིམས་མིའི་དཔོད་ཆུང་འཕེལ་རྒྱས་གཏོང་བའི་ཐད་བོད་ལྗོངས་ཡུལ་སྐོར་ཅུས་ཀྱི་ཤིན་ལང་གཞུང་ཕྱོགས་དཔོད་ཆུང་སྤྱོད་མཁན་ཁྲི་10ཙམ་ཡོད་པ་དང “བོད་ལྗོངས་ཚོང་འཕྲིན ”གྱི་ཤིན་ལང་གཞུང་ཕྱོགས་དཔོད་ཆུང་སྤྱོད་མཁན་ཁྲི་5ལྷག་ཙམ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་སྣེ་འཁྲིད་པ་དང་ལྷ་ས་དགོང་དྲོའི་ཚགས་པར་དང་ལྷ་ས་གྲོང་ཁྱེར་རླུང་འཕྲིན་བཪྙན་འཕྲིན་ལས་ཁུངས་ཀྱིས་ཐུན་མོང་ཐོག་བཏོན་པའི “ལྷ་ས་ཡོངས་བསྒྲགས ”ཀྱི་སྲིད་དོན་དཔོད་ཆུང་ཉེ་ཆར་མི་དམངས་དྲ་བ་དང་ཤིན་ཧྭ་དྲ་བའི་དཔོད་ཆུང་སྟེགས་བུའི་ཐོག་དངོས་སུ་བཏོན་པ་དེས་ལྗོངས་ཡོངས་ཀྱི་སྲིད་དོན་དཔོད་ཆུང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔར་ལྗོངས་ཡོངས་སུ་རིགས་ཁག་གི་ཁྲིམས་མིའི་དཔོད་ཆུང་42ཡོད། བོད་ཀྱི་ཁྲིམས་མིའི་དཔོད་ཆུང་གིས་དྲ་གྲོགས་ལ་ཞི་མཐུན་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཁྱོན་ཡོངས་ནས་མངོན་པར་བྱེད་པ་དང་དུས་མཚུངས་དེའི་ཤུགས་རྐྱེན་ཐེབས་ཤུགས་དང་ལྟ་མཁན་ཡང་བརྟན་པོའི་ངང་མང་དུ་འགྲོ་གི་ཡོད་པ་རེད།

        དྲ་རྒྱའི་གཡུལ་ས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་སྡེ་ཚན་གྱིས་དྲ་ཐོག་ནང་དོན་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་བརྗོད་བྱ་གཙོ་བོ་གལ་ཆེན་དྲ་ཐོག་དྲིལ་བསྒྲགས་དང་གནས་ཚུལ་ཞིབ་ཚགས་ངང་བཀོད་ནས་དྲ་ཐོག་གི་དྲང་ནུས་ཧུར་ཐག་བརྒྱུད་སྤེལ་བྱས་པ་རེད། འདི་ལོ་ཚུན་ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ་དང་ཀྲུང་གོ་བོད་ལྗོངས་རླུང་འཕྲིན་དྲ་བས་ཐུན་མོང་ཐོག 《ཚོགས་ཆེན་བཅོ་བརྒྱད་པ་ལག་བསྟར་བྱེད་པ —འགོ་འཛུགས་ལོར་དོན་འཁྱོལ་བྱེད་པ 》དང 《ཀྲུང་གོའི་ཕུགས་འདུན བོད་ཀྱི་སྟོབས་ཤུགས 》《ཐང་ག་བརྒྱའི་འདུ་འགོད 》《མི་རིགས་ཀྱི་བླ་སྲོག ཀྲུང་གོའི་ཕུགས་འདུན 》སོགས་ཀྱི་ཆེད་དོན་ཆེད་སྒྲིག་ལེ་ཚན་20ལྷག་ཙམ་བཟོས་པ་དང་རིམ་རྩིས་བྱས་ན་བརྩམས་ཆོས་ཁྲི་7ལྷག་ཙམ་བཏོན་པ་དེའི་ནང་མ་རྩོམ་20000ལྷག་ཙམ་དང་། པར་རིས་ཁྲི་18ལྷག་ཙམ། བཪྙན་ལམ་1128བཅས་ཡོད་ཅིང་། མ་རྩོམ་བརྩམས་ཆོས་200ཙམ་ལྗོངས་ཕྱི་རོལ་གྱི་སྨྱན་སྦྱོར་གྱིས་བརྒྱུད་སྤེལ་བྱས་ཡོད། མི་དམངས་དྲ་བའི་བོད་ལྗོངས་འཕྲིན་ལམ་དང་། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཀྲུང་གོ་དཔལ་འབྱོར་དྲ་བའི་བོད་ལྗོངས་འཕྲིན་ལམ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་ཀྱི་བོད་ལྗོངས་འཕྲིན་ལམ་གྱིས་ཆེད་དོན་ཆེད་སྒྲིག་ལེ་ཚན་10ལྷག་ཙམ་བཟོས་པ་དང་རིམ་རྩིས་བྱས་ན་བརྩམས་ཆོས་20000ལྷག་ཙམ་བཏོན་ནས་རྒྱལ་ཁབ་ཕྱི་ནང་གི་བོད་འབྲེལ་དྲ་ཐོག་གསར་འགྱུར་ཆ་འཕྲིན་གྱི་ཆ་འཕྲིན་ཡོང་ཁུངས་གལ་ཆེན་དུ་འགྱུར་ཡོད་པ་རེད།

        མིག་སྔར་དྲ་སྦྲེལ་གཙོ་གནད་འདུ་འགོད་ཁག་གཅིག་གང་མགྱོགས་ལག་ལེན་བསྟར་བཞིན་ཡོད་པ་དང་བྱང་ཚད་ཕུལ་དུ་བྱུང་བའི་དྲ་སྦྲེལ་དཔུང་ཁག་གཅིག་ཀྱང་གང་མགྱོགས་འཛུགས་བཞིན་ཡོད་པར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་འབད་བརྩོན་འོག་དྲ་སྦྲེལ་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་མཉམ་བསྐྲུན་མཉམ་སྤྱོད་ཀྱི་བསམ་པའི་ཁྱིམ་གཞིས་སུ་གྱུར་ནས་འབྱུང་འགྱུར་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员