[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བྱེད་དགོས།

    ——བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2013-10-09

        དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། དེས་ན་ང་ཚོས་ཚོགས་འདུའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སིམ་འཛུལ་ལ་ངོ་རྒོལ་དང་སྔོན་འགོག་ཚོད་འཛིན་གྱི་མ་ལག་ཅིག་འཛུགས་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བྱེད་དགོས།

        འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད་ལ་རྒྱལ་ཁབ་ཡུན་རིང་བདེ་འཇགས་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་གནས་པའི་བོད་ལ་ཆ་མཚོན་ན་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོ་དང་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་གཉིས་དབར་གྱི་གཡུལ་ས་གཙོ་བོ་ཞིག་ཡིན་པས་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་གྱི་འགོ་ཁྲིད་བྱེད་དབང་དང་། དོ་དམ་བྱེད་དབང་། སྐད་ཆ་ཤོད་དབང་བཅས་དམ་པོར་བཟུང་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་གཙོ་ཁྲིད་གནས་བབ་སྲ་བརྟན་དུ་བཏང་ནས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བྱེད་དགོས།

        འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བྱེད་དགོས་ན་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་དེ་གལ་ཆེའི་གྲོས་རིམ་ནང་འགོད་དགོས་པ་དང་། སེམས་ནང་བརྟན་པོར་འཇོག་དགོས་པ། དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་དམིགས་པ་དང་ལྟེ་བའི་ལས་དོན་ལ་དམིགས་ཏེ་དྲིལ་བསྒྲགས་བསམ་བློའི་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་དབྱེ་ཞིབ་ཞིབ་གཅོད་བྱ་རྒྱུ་དང་ལས་འགན་གལ་ཆེན་གཅིག་འདོམས་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཡུལ་ས་དང་། ཕྱོགས་སྟོན། དཔུང་ཁག་བཅས་དམ་འཛིན་ཡག་པོ་བྱེད་དགོས་པ། འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ལ་སྣེ་འཁྲིད་ནས་དམ་འཛིན་བྱེད་པ་དང་། གླེང་ཕྱོགས་ཀྱི་ཕྱོགས་སྟོན་ཡང་དག་ཁོང་དུ་ཆུད་པ་བྱེད་པ། ནོར་འཁྲུལ་གྱི་ལྟ་བ་དང་ནོར་འཁྲུལ་གྱི་བསམ་ཕྱོགས་ལ་སྣེ་ཁྲིད་ནས་སྐྱོན་བརྗོད་བྱེད་པ། བརྗོད་དོན་གཙོ་བོ་དང་དྲང་ནུས་དར་སྤེལ་གཏོང་བ། དམ་འཛིན་དང་དོ་དམ་བྱེད་ཕོད་པ་བྱེད་པ། འཇིགས་སྣང་སྐུལ་ཕོད་པ་བཅས་ཀྱི་ཐོག་ནས་འདུ་ཤེས་འཛིན་སྟངས་ལས་དོན་ཐད་ཀྱི་གཙོ་ཁྲིད་བྱེད་དབང་སྟངས་འཛིན་ནན་པོ་ཐུབ་པ་བྱེད་དགོས།

        འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བྱེད་དགོས་ན་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། མར་ཁེ་སི་རིང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མར་ཁེ་སི་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་དགོས་པ་མ་ཟད། ད་དུང་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་ཀྱང་སྤྲོས་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ “རྒྱལ་གཅེས་གསར་བརྗེའི་ལོ་རྒྱུས་རིག་གནས་སྔོག་འདོན་འདུ་འགོད ”ལག་བསྟར་བྱས་ནས་ལྗོངས་ཡོངས་སུ་ཁྱབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་དྲ་བ་ཞིག་འཛུགས་དགོས། བོད་གསར་ཪྙིང་བསྡུར་བའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་དང་ཆབས་ཅིག “བོད་གསར་ཪྙིང་བསྡུར་བའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྔོག་འདོན་འདུ་འགོད ”ལག་བསྟར་བྱས་ནས་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་མི་རབས་ལ་སློབ་གསོ་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས། ཤེས་ལྡན་པར་སློབ་གསོ་གཏོང་རྒྱུ་དང་། སེམས་ཁུར་བྱ་རྒྱུ། གསོ་སྐྱོང་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། འདུ་ཤེས་འཛིན་སྟངས་ཐད་ཀྱི་ཏན་ཏིག་ནུས་ལྡན་གྱི་ལས་དོན་སྤེལ་བ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། སེམས་ནང་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་བཅས་བརྟན་པོ་འཛུགས་དགོས་པ། གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་འཕེལ་བ་བྱེད་དགོས།     

        འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བདེ་འཇགས་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་ན་ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་ཤིང་། ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་གཏན་འཁེལ་བྱས་པའི་ཀྲུང་དབྱང་གི་ཞིབ་གླེང་དང་། འཐབ་རྩོད་བྱེད་ཕྱོགས། ཐབས་ཇུས་བཅས་གཞིར་བཟུང་བྱ་བ་སྒྲུབ་པ་དང་། རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐེར་འདོན་དགག་རྒྱག་བྱེད་པ་དང་། གླེང་ཕྱོགས་ལ་བརྟེན་ནས་དགག་རྒྱག་བྱེད་པ། སྲིད་ཇུས་ལ་བརྟེན་ནས་སྒྲོག་འགྲེལ་བྱེད་པ། རང་གི་མཐོང་ཐོས་ཤོད་པ་སོགས་ཀྱི་བྱེད་སྟངས་སྤྱོད་པ། དར་ཆ་གསལ་སྟོན་དང་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། ཏཱ་ལའི་རུ་ཚོགས་ཀྱི “དབུ་མའི་ལམ ”དང་། “བོད་ཆེན་པོ ”“ཚད་མཐོའི་རང་སྐྱོང ”བཅས་ཀྱི་ལོག་སྤྱོད་ལྐོག་གཡོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི “བོད་རང་བཙན ”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིལ་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས་བཅས་ཡིན་པ་གསལ་པོར་ཤེས་སུ་འཇུག་དགོས་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་ངོ་བོ་དང་། གདོང་རིས་ངོ་མ། མ་རུངས་བསམ་ཚུལ་བཅས་གསལ་པོ་ཤེས་པ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། ད་དུང་བདེན་རྫུན་གྱི་དབྱེ་མཚམས་རང་འགུལ་ངང་གསལ་པོར་འབྱེད་པ་དང་ངོས་འཛིན་རབ་རིབ་གསལ་དུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ཁྲིད་སྟོན་ཡང་བྱེད་དགོས། དུས་མཚུངས་སུ་ལངས་གཟུགས་ཅན་དང་ཁྱོན་ཡོངས་ཀྱི་སིམ་འཛུལ་ལ་ངོ་རྒོལ་དང་སྔོན་འགོག་ཚོད་འཛིན་གྱི་མ་ལག་ཅིག་ཀྱང་འཛུགས་དགོས།

        བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་ལ་བརྟེན་ནས་དར་རྒྱས་ཡོང་བ་བྱེད་དགོས་ཤིང་། ང་ཚོས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་དང་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་བ་དང་། སིམ་འཛུལ་ལ་ངོ་རྒོལ་དང་སྔོན་འགོག་ཚོད་འཛིན་གྱི་མ་ལག་ཅིག་འཛུགས་པ། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བདེ་འཇགས་མཐའ་གཅིག་ཏུ་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཕྱིར་བསམ་བློའི་རྨང་གཞི་འདིང་དགོས་པ་དང་གླེང་ཕྱོགས་ཀྱི་འདེགས་སྐྱོར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员