[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • སྤྱི་ཡོངས་བློ་ལ་འཆང་བ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། དོན་ཆེན་ལ་དམིགས་པ་བཅས་བྱས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་དེ་བས་ཡག་པོ་སྒྲུབ་རྒྱུའི་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2013-08-22

        འདི་ནི་ཟླ་8ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བའི་གནས་ཚུལ་ཡིན་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་19དང་ཚེས་20ཉིན་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ངེས་པར་དུ་ལྟེ་བར་དམིགས་ས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་གཞི་རྩའི་འགན་འཁྲིར་བྱས་ནས་སྤྱི་ཡོངས་བློ་ལ་འཆང་བ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། དོན་ཆེན་ལ་དམིགས་པ་བཅས་བྱས་ཏེ་ལས་ཀའི་འཇུག་སྒོ་དང་ཤུགས་རྒྱག་ས་བཙལ་ཏེ་སྐབས་བསྟུན་གཉེར་སྒྲུབ་དང་། དུས་མཉམ་ལས་སྒྲུབ། བབ་བསྟུན་འཕྲལ་སྒྲུབ་བཅས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་ལྟེ་བའི་ལས་དོན་ཡིན་པ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཆེ་བའི་ལས་དོན་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དང་མི་དམངས་ཀྱི་འཚོ་བ་ཡག་ཏུ་གཏོང་རྒྱུར་གཞོལ་ཡོད། རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་མ་ཕྱིན་ཚེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེར་འགྱུར་ལྡོག་འགྲོ་མི་སྲིད། འདི་ནི་ཏང་གི་གཞི་རྩའི་ལམ་ཕྱོགས་ལོ་བརྒྱ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་བའི་བླང་བྱ་ཞིག་ཡིན་ལ་དེང་སྐབས་ཀྲུང་གོས་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྩ་བའི་བླང་བྱ་ཞིག་ཀྱང་ཡིན། དུས་མཚུངས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་ལས་དོན་ཡག་པོ་སྒྲུབ་ཚེ་རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཆེ་རུ་འགྲོ་ཐུབ་རྒྱུ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ལེགས་སུ་འགྲོ་ཐུབ་ཁར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གཞི་ནས་བདེ་བླག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ཅེས་ནན་བཤད་གནང་བ་རེད།

        ཞིས་ཅིན་ཕིང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་རྒྱུ་དེ་ཡིན་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཡང་ཡིན། ཏང་ཡོན་དང་ལས་བྱེད་པ་ཚོས་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་དུ་བཏང་སྟེ་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཏང་གི་ད་ལྟའི་དུས་མཚམས་ཀྱི་གཞི་རྩའི་རྩ་འཛིན་མངོན་འགྱུར་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་འབྲེལ་ལས་དོན་ཁག་ཡག་པོ་སྒྲུབ་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བའི་བྱ་བར་བརྩིས་ཏེ་ཏན་ཏན་ཏིག་ཏིག་དང་ཇི་མ་ཇི་བཞིན་གྱི་ཐོག་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ལྷག་པར་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་བྱེད་དགོས། ཏང་གི་སློབ་གྲྭ་དང་། ལས་བྱེད་པའི་སློབ་གླིང་། སྤྱི་ཚོགས་ཚན་རིག་ཁང་། མཐོ་སློབ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སོགས་ཀྱིས་མར་ཁེ་སི་རིགས་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ཏེ་འདི་ཉིད་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པའི་འཐབ་ས་གལ་ཆེན་དུ་འགྱུར་བ་བྱེད་དགོས། ལས་བྱེད་པ་གསར་པ་དང་ན་གཞོན་ལས་བྱེད་པས་ལྷག་པར་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་པའི་ཐོག་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་བརྟག་ཞིབ་དང་ཐག་གཅོད་བྱེད་ཤེས་པ་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

        ཞིས་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ། གཟི་ཁྲེལ་ཤེས་པ་དང་། སྲོལ་བཟང་ལ་སྣང་ཆེན་བྱེད་པ། ལེགས་སྐྱེས་འབུལ་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲོལ་བཟང་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།

        ཞིས་ཅིན་ཕིང་གིས་ཏང་གཤིས་དང་མི་དམངས་ཀྱི་རང་བཞིན་དུས་ནམ་ཡང་གཅིག་པ་དང་གཅིག་གྱུར་ཡིན། ཏང་གཤིས་མཐའ་འཁྱོངས་བྱེད་པའི་སྲོག་ཤིང་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས་། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དུས་བབ་སྐོར་གྱི་ཀྲུང་དབྱང་གི་དབྱེ་ཞིབ་དང་ཚོད་དཔག་་གལ་ཆེན་དྲིལ་བསྒྲགས་བྱེད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱ་རྒྱུ་དང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན། དྲིལ་བསྒྲགས་བསམ་བློའི་སྡེ་ཚན་དང་ཚན་པ་ཚང་མ་དང་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཐོག་གི་ཏང་ཡོན་དང་ལས་བྱེད་པ་ཚང་མས་དར་ཆ་གསལ་སྟོན་གྱིས་ཏང་གཤིས་ཀྱི་རྩ་དོན་དེ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་རང་བཞིན་མཐའ་འཁྱོངས་བྱེད་པར་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱ་རྒྱུ་དང་། སྲུང་སྐྱོབ་ཡག་པོ་བྱ་རྒྱུ། འཕེལ་རྒྱས་ཡག་པོ་གཏོང་རྒྱུ་བཅས་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་དམངས་རྩ་བར་འཛིན་རྒྱུ་དང་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་བྱེད་པའི་ལས་ཀའི་སྟོན་ཕྱོགས་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་དགོས་མཁོ་བསྐང་རྒྱུ་དེ་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་དགོས་ལ་མི་དམངས་མང་ཚོགས་ཀྱི་རླབས་ཆེན་འབད་འཐབ་དང་མེ་ལྟར་ཚ་བའི་འཚོ་བའི་གནས་ཚུལ་དྲིལ་བསྒྲགས་མང་ཙམ་བྱེད་པ་དང་མི་དམངས་མང་ཚོགས་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་མང་ཙམ་བྱས་ཏེ་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་བསམ་པའི་དགོས་མཁོ་སྐོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཞིས་ཅིན་ཕིང་གིས་མཐུན་སྒྲིལ་བརྟན་ལྷིང་ངར་འཕེལ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་བཞིན་ཡོད་པ་དང་འཕྲད་པའི་འགྲན་སློང་དང་དཀའ་ངལ་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས་ངེས་པར་དུ་འཕེལ་ཕྱོགས་གཙོ་བོའི་བསམ་བློའི་གླེང་ཕྱོགས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་བརྒྱུད་སྤེལ་བཅས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོའི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་སྐུལ་སྤེལ་བྱེད་དགོས། འགག་རྩ་ནི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་དུས་དང་། ཚད། ཕན་ནུས་བཅས་ཁོང་དུ་ཆུད་པ་བྱེད་པ་དང་། ཡིད་དབང་འཕྲོག་ཤུགས་དང་ཡིད་དབང་འགུག་ནུས་ཆེ་རུ་བཏང་ནས་མང་ཚོགས་རྣམས་ལྟ་འདོད་པ་དང་ཉན་སྤྲོ་བ་དང་ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་བྱས་ཏེ་དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་མི་སེམས་ལ་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་ཡིན། ཡིན་མིན་ཆེན་པོ་དང་ཆབ་སྲིད་རྩ་དོན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་ངེས་པར་དུ་རང་འགུལ་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་དབང་ཆ་སྟངས་འཛིན་བྱེད་པ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་ཡིན་མིན་དབྱེ་འབྱེད་དང་རབ་རིབ་ཀྱི་ངོས་འཛིན་གསལ་དུ་གཏོང་རོགས་བྱེད་དགོས་ཞེས་གསུངས་པ་རེད།

        ཞིས་ཅིན་ཕིང་གིས་ཡུན་རིང་གི་ལག་ལེན་ཁྲོད་ང་ཚོའི་ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཐད་ཧ་ཅང་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་ཡོད། ཉམས་མྱོང་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཧ་ཅང་རྩ་ཆེ་བ་ཞིག་ཡིན་ལ་སླད་ཕྱིན་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་ནང་སྲུང་བརྩི་ཞུ་ཡུལ་གལ་ཆེན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཕྱོགས་སྡོམ་ནན་ཏན་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་དང་འབྲེལ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་དགོས། “དཔྱོད་ལྡན་གྱིས་དུས་དང་བསྟུན་ནས་འགྱུར་ལྡོག་གཏོང་བ་དང་མཁས་དབང་གིས་བྱ་དངོས་མི་འདྲ་བར་གཞིགས་ནས་བྱེད་ཐབས་མི་འདྲ་བ་སྤྱོད་པའི ”ཐོག་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་གཏོད་པར་གཙོ་གནད་འདུ་ཤེས་གསར་གཏོད་དང་། བྱེད་ཐབས་གསར་གཏོད། གཞི་རིམ་ལས་དོན་གསར་གཏོད་བཅས་ལ་དམ་འཛིན་བྱེད་པ་དང་། བསམ་བློའི་ངོས་འཛིན་གསར་པའི་ཐོག་ནས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། ལས་ཀའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པའི་བྱེད་ཐབས་གསར་པ་དང་ཐབས་ཤེས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་བྱས་ནས་གསར་གཏོད་ཀྱི་གཙོ་གནད་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཐོག་འཇོག་དགོས། རིག་གནས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་རིག་གནས་བྱ་གཞག་སྒོ་ཀུན་ནས་དར་རྒྱས་འགྲོ་རྒྱུ་དང་། རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་སྐྲུན་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员