[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་དོན་དངོས་ཀྱི་དགོས་གཏུཌ་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས།

    བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2013-09-25

        ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་འགག་རྩའི་དུས་སུ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་དེ་བཞིན་དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཁ་ཕྱོགས་དམིགས་ཚད་དང་། ལས་འགན་གཙོ་བོ། རྩ་བའི་གཞི་འཛིན་ས་བཅས་སྔར་བས་གཏན་འཁེལ་ཁ་གསལ་བྱས་པ་དེ་ལས་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་ཐད་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་ནུས་པ་ཞིག་ཐོན་ངེས་རེད།

        མིག་སྔར་ང་ཚོའི་མདུན་དུ་བསྟན་པའི་ལས་འགན་གཙོ་བོ་ཞིག་ནི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་དོན་དངོས་ཀྱི་དགོས་གཏུགས་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། དྲིལ་བསྒྲགས་བསམ་བློའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཕྱིར་ཤུགས་དང་ལྡན་པའི་བསམ་བློའི་འགན་ལེན་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་བྱ་རྒྱུ་དེ་རེད།

        འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ་དང་ཏང་གི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་སྒྲུབ་མིན་དེ་ཏང་གི་མདུན་ལམ་ལས་སྐལ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་བཅས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལོ་རྒྱུས་དང་དོན་དངོས་ཐོག་ནས་ར་འཕྲོད་ཡང་ཡང་བྱུང་ཡོད།

        ཏང་གི་ལྟེ་བའི་ལས་དོན་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་གཉིས་ཕན་ཚུན་གཅིག་རམ་གཅིག་འདེགས་བྱེད་ཀྱི་ཡོད། 2020ལོར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་དགོས་ན་སྟོབས་ཤུགས་ལྡན་དགོས་ལ་འཇམ་ཤུགས་ཀྱང་ལྡན་དགོས་པ་དང་ལྟེ་བའི་ལས་དོན་ལེགས་པར་སྒྲུབ་དགོས་ལ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་བསམ་བློའི་ཁྲིད་སྟོན་ནུས་པ་དང་། གླེང་ཕྱོགས་ཀྱི་སྐུལ་འདེད་ནུས་པ། སྙིང་སྟོབས་སྐུལ་སློང་གི་ནུས་པ། རིག་གནས་འདེགས་སྐྱོར་གྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་ཀྱང་བྱེད་དགོས། གལ་ཏེ་ང་ཚོས་འདུ་ཤེས་འཛིན་སྟངས་ལས་དོན་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་བརྗེད་ན་བསམ་བློའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་རྨང་གཞི་ཤོར་རྒྱུ་རེད། དེས་ན་ང་ཚོས་ངེས་པར་དུ་བྱ་གཞག་ཡུན་རིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཐོ་ཚད་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཐོ་ཚད། ཏང་གི་མང་ཚོགས་རྨང་གཞི་དང་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བའི་མཐོ་ཚད་བཅས་ཀྱི་ཐོག་ནས་འདུ་ཤེས་འཛིན་སྟངས་ལས་དོན་དང་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་པ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

        དྲིལ་བསྒྲགས་བསམ་བློའི་ལས་དོན་སྔར་ནས་ད་བར་དོན་སྙིང་མེད་པ་ཞིག་མིན་པ་དང་། ནུས་པ་མེད་པ་ཞིག་མིན་པ། ཡོད་མེད་ཁྱད་པར་མེད་པ་ཞིག་མིན་པར་ནང་གནས་ཀྱི་ཆོས་ཉིད་ལྡན་པ་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ཤིག་རེད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་དགོས་ན་ངེས་པར་དུ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྩ་བའི་འགན་འཁྲི་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས་པ་དང་། ལས་ཀའི་འགོ་འཛུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་འཚོལ་དགོས་པ། ཚན་རིག་དང་མཐུན་པའི་བྱེད་ཐབས་འཛིན་སྤྱོད་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་དུས་བབ་དང་བསྟུན་ནས་ཐབས་ཇུས་འགོད་པ་དང་། དུས་བབ་དང་བསྟུན་ནས་བྱ་སྤྱོད་སྤེལ་བ། དུས་བབ་དང་བསྟུན་ནས་ལས་དོན་སྤེལ་བ་བཅས་ཐུབ་པའང་བྱེད་དགོས། ཕུགས་འདུན་དད་སེམས་བརྟན་དུ་གཏོང་དགོས་པ་དང་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་དགོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་དང་། ལས་དོན་ལ་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་དགོས་པའི་རྩ་དོན་གྱི་གནད་དོན་གལ་ཆེན་དེའི་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་སྲ་བརྟན་ཡོང་བ་བྱེད་དགོས། གཡུལ་ས་དམ་པོར་བཟུང་སྟེ་ཆབ་སྲིད་མཁས་པས་ཚགས་པར་གཉེར་རྒྱུ་དང་། དུས་དེབ་གཉེར་རྒྱུ། བཪྙན་འཕྲིན་རླུང་འཕྲིན་ལས་ཁུངས་གཉེར་རྒྱུ། གསར་འགྱུར་དྲ་ཚིགས་གཉེར་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་བདེ་འཇགས་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་གཏོང་བ། ཡང་དག་པའི་གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱ་རྒྱུ་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། མཐུན་སྒྲིལ་དང་། བརྟན་ལྷིང་། ཤུགས་འདོན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གླེང་ཕྱོགས་ཀྱི་འཐབ་རྩོད་ཧུར་ཐག་བྱེད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་ཁྱབ་སྤེལ་གཏོང་བ། བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། དྲ་རྒྱའི་དྲིལ་བསྒྲགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། སྐྱོན་བྲལ་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་འཕེལ་རྒྱས་ཧུར་ཐག་གཏོང་བ། དཀྲོག་གཏམ་ཤོད་པ་དང་དཀྲོག་གཏམ་བཟོ་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་ཀྱི་ཐོག་ནས་དྲ་རྒྱ་ཁྲིམས་ལུགས་ལྟར་དང་གོ་རིམ་པའི་སྒོ་ནས་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་། དྲིལ་བསྒྲགས་ཆེ་མོའི་ལས་དོན་བསམ་གཞི་བརྟན་པོར་འཛུགས་པ། སྲིད་འཛིན་དོ་དམ་དང་། ལས་རིགས་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཕྱིར་བསམ་པའི་སྒུལ་ཤུགས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员