[ English ] [ 中文 ]
0891-6325020
  • སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་པས་མང་ཚོགས་ཀྱི་ བསམ་བློའི་ཆུ་ཚད་མཐོ་རུ་ཕྱིན་པ།

    ​ལྷ་རྩེ་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-04-20

    ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ“ཧྲུའུ་ཅིའི་འདུ་འགོད”ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་སྒོའི་ཕན་འབྲས་བརྟན་དུ་གཏོང་བ་བཅས་བྱས་པས། མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་མཐོ་རུ་ཕྱིན་ནས། རྫོང་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་བློའི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་པས་འདུ་ཤེས་ལེགས་སུ་ཕྱིན་པ།

    སྒྲོག་འགྲེལ་གྱི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱ་ཆེད། ལྷ་རྩེ་རྫོང་གིས“བསམ་ཇུས་གཅིག”གི་བསམ་བློར་གཞི་བཙུགས་ཐོག་བྱེད་སྒོའི་གཞི་རྟེན་གསར་གཏོད་ཤུགས་ཆེན་བྱས་ཏེ། བྱེད་ཐབས་གསར་པ་སྤྱད་ནས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཞིང་། ལྷ་རྩེ་རྫོང་གིས“ལྷ་རྩེའི་རིག་ལྡན་འཆད་སྟེགས་ཆེ་མོ”གསར་གཏོད་བྱས་ཁར། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་སོགས་འཆད་ཁྲིད་དགེ་རྒན་ཚོགས་པའི་ཚོགས་མིར་བཅུག་ནས། སྒྲོག་འགྲེལ་བྱེད་སྒོ་དུས་ངེས་མེད་དུ་སྤེལ་བ་དང་སྦྲགས། “ལྷ་རྩེའི་རིག་ལྡན་འཆད་སྟེགས་ཆེ་མོའི”ནང་དོན་ཁག་བརྙན་ལམ་དུ་ཕབ་རྗེས་གྲོང་ཚོའི་སྐད་འཕྲིན་ཚོགས་པ་དང་། རླུང་འཕྲིན། བརྙན་འཕྲིན་སོགས་བརྒྱུད་དེ་སྒྲོག་འགྲེལ་བྱས་པ་རེད།

    གཞན་ཡང་། ལྷ་རྩེ་རྫོང་གིས་འབྲས་དཀར་སོགས་ཀྱང་རྩོམ་སྒྲིག་བྱས་རྗེས་ལྷ་རྩེའི་སྐར་ཁུང་དང་སྟོད་གཞས་འཁྱུག་དབྱིངས་སོགས་བརྒྱུད་དེ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། སྒྲོག་འགྲེལ་གྱི་ཕན་འབྲས་ལེགས་སུ་བཏང་བ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་4ཡི་རིང་ལྷ་རྩེ་རྫོང་གིས་སྒྲོག་འགྲེལ་སློབ་གསོ་སྣ་ཚོགས་ཐེངས་14015སྤེལ་བས་མང་ཚོགས་མི་ཐེངས་ཁྲི་47ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    ལག་ལེན་ཤུགས་ཆེན་བྱས་པས་ཤེས་དཔལ་གྱི་མེ་ཏོག་རྣམ་པར་བཞད་པ།

    གཟའ་འཁོར་རེའི་མཚན་མོ་རེར། ལྷ་རྩེ་རྫོང་རེ་ས་ཤང་ཁྱག་གཞི་གྲོང་ཚོ་ཨུ་ལྷན་དུ་གློག་སྒྲོན་ཁྲ་ཐིང་ངེར་སྤར་ཡོད། མང་ཚོགས་ཚོས་སློབ་ཚན་ལ་ནན་ཏན་ཉན་པ་དང་ཟིན་བྲིས་ཡག་པོ་རྒྱག་བཞིན་ཡོད། དེ་ནི་ཁྱག་གཞི་གྲོང་ཚོའི་མཚན་མོའི་སློབ་ཚན་འཚོག་ཡུལ་རེད།

    “ཞིང་ལས་བྲེལ་བ་ཆེ་དུས་མ་གཏོགས་ང་ཚོའི་གྲོང་ཚོས་རྟག་ཏུ་སློབ་སྦྱོང་ཉིན་རེ་དང་ངལ་གསོ་ཉིན་རེ་རྒྱག་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ད་ཆ་གྲོང་མི་མི་ཉུང་བ་ཞིག་གིས་རྒྱ་སྐད་ཐོག་ནས་རྒྱུན་ལྡན་གྱི་སྤེལ་རེས་བྱེད་ཐུབ་ཀྱི་འདུག” “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ལྷ་རྩེ་རྫོང་གིས་ལག་ལེན་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས། བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མང་ཚོགས་ཀྱི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ལྷ་རྩེ་རྫོང་གིས་ལག་ལེན་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་1ལྷག་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་39ལྷག་ཞུགས་ཡོད་ཅེས་ཁྱག་གཞི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་གིས་བཤད་པ་རེད།

    ལྷ་རྩེ་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་ཐོག་རླུང་འཕྲིན་སློབ་ཚན་དང་། མཚན་མོའི་སློབ་ཚན། ཉེ་འགྲམ་གྱི་སློབ་ཚན། དྲ་ཐོག་སློབ་ཚན་བཅས“སློབ་ཚན་བཞི”སྤུས་ཚད་མཐོན་པོས་གཉེར་བར་བརྟེན་ནས། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཙུགས་པ་དང་། མིག་སྔའི་བར། ཤང(གྲོང་རྡལ)ཁག་གིས་ཁྱོན་མཚན་མོའི་སློབ་གྲྭའི་སློབ་སྦྱོང་འཛིན་གྲྭ་ཐེངས་1000ལྷག་གཉེར་བར་མང་ཚོགས་མི་ཐེངས་8900ལྷག་ཞུགས་ཡོད་པ་རེད།

    ཞབས་འདེགས་ཡག་པོ་ཞུས་པས་མི་སེམས་ལ་སྐུལ་མ་ཐེབས་པ།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ལྷ་རྩེ་རྫོང་གིས་བྱེད་སྒོ་སྤེལ་ཡུལ་ལ་དམིགས་པ་དང་། གྲོང་ཚོ་དང་གྲོང་མིར་གཞིགས་ནས་འཆད་ཁྲིད་བྱས་ཏེ་ཧེ་བག་ཅན་དང་། ཁྱད་ལྡན་ཅན། ཞབས་ཞུ་ཅན་བཅས་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད།

    མང་ཚོགས་ཕྱིར་གླ་པར་སྐྱོད་པ་དང་མང་ཚོགས་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་དཀའ་བའི་གནད་དོན་ལ་དམིགས་ཏེ་ལྷ་རྩེ་རྫོང་གིས་ཤེས་བྱ་སློབ་ཁྲིད་ཐད་མི་གཅིག་ཀྱང་མི་ལུས་པའི་ཚད་གཞི་གཞིར་བཟུང་དེ་སྔའི་སྒྲོག་འགྲེལ་བྱེད་སྟངས་ལས་ཚད་བརྒལ་བྱས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་དགོས་མཁོའི“མངགས་ཐོ”བཟོ་བ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་གིས་འབྲེལ་ཡོད་ཚན་པར་གཞོགས་འདེགས་བྱས་ཏེ“མངགས་ཐོ”སྒྲུབ་པའི་རྣམ་པ་བརྒྱུད། མང་ཚོགས་ཀྱི་འཚོ་བ་དངོས་དང་དེ་བཞིན་འཕྲལ་མཁོ་ཆེ་བ་དང་། དཀའ་ངལ་ཆེ་བ། རེ་སྒུག་ཆེ་བ། སེམས་ཁྲལ་ཆེ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཅིག་གཏད་གཅིག་གི་ཞབས་འདེགས་ཞུས་ནས། སྒྲོག་འགྲེལ་ལ་དེ་བས་དམིགས་ས་ཡོད་པ་དང་མང་ཚོགས་ཀྱིས་ཉན་འདོད་པ་། ཤེས་ཐུབ་པ། བེད་སྤྱོད་ཐུབ་པ་བཅས་ཡོང་བ་བྱས་པ་རེད།

    ལོ་4ཡི་རིང་ལྷ་རྩེ་རྫོང་དུ་ད་དུང་སྔ་རྗེས་སུ་སྐད་གྲགས་ཡོད་པ་དང་། གཞིས་ཆགས་ཐུབ་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ནས་མི་ཚང་མས་དཔེ་མཚོན་ལ་སློབ་སྦྱོང་དང་མི་ཚང་མས་འགྲན་སྙེག་བརྒལ་གསུམ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    འགྱུར་ལྡོག་སྐོར་གླེང་སྐབས་ལོ་74ལ་སླེབས་པའི་གཞི་ཆེན་ཤང་གཞི་ཆེན་གྲོང་ཚོའི་མང་ཚོགས་ངག་དབང་རིག་འཛིན་གྱིས“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བྱེད་སྒོ་སྤེལ་བས་ལྷ་རྩེ་དེ་བས་མཛེས་སྡུག་ལྡན་པ་དང་མང་ཚོགས་དེ་བས་ཡར་རྒྱས་ཕྱིན་ཡོད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།