[ English ] [ 中文 ]
0891-6325020
  • མངའ་རིས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྔོན་ཐོན་བྱས་རྗེས་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-15

    ཟླ་7པའི་མངའ་རིས་ས་མཐོ་ནི་དབྱར་གཞུང་ཡིན་པས་རྩྭ་ཆུ་འཛོམས་ལ་སྐྱེ་དངོས་ཐམས་ཅད་སྐྱེ་སྟོབས་ཀྱི་དཔལ་འབར། ཆ་སྙོམས་ས་བབ་མཐོ་ཚད་སྨི་5200ཡོད་པའི་དགེ་རྒྱས་རྫོང་ཡག་ར་ཤང་ཕྱུག་ཚང་གྲོང་ཚོའི་ཞིང་འབྲོག་མང་ཚོགས་རྣམས་རི་འགོའི་འབྲོག་རར་ཕྱུགས་འཚོ་བའི་ལས་ལ་བྲེལ་བཞིན་ཡོད། མངའ་རིས་ས་ཁུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྔོན་ཐོན་བྱས་རྗེས་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱེད་པའི་སྒྲོག་འགྲེལ་ཚོགས་པ་གྲོང་ཚོར་སླེབས་པ་ཤེས་རྗེས། ཁོང་ཚོས་འཕྲལ་མར་ལག་གི་ལས་ཀ་མཚམས་བཞག་སྟེ་འབྲོག་ར་ནས་གྲོང་ཚོ་ཨུ་ལྷན་དུ་སྒྲོག་འགྲེལ་ཚོགས་པ་སྒུག་པར་ཡོང་།

    ཟླ་7ཚེས་12ཉིན་གྱི་སྔ་དྲོར། སྒྲོག་འགྲེལ་ཚོགས་པ་ཕྱུག་ཚང་གྲོང་ཚོར་སླེབས་ནས་ཁོང་ཚོའི་སྒྲོག་འགྲེལ་ཐེངས་དང་པོ་འགོ་བཙུགས་པ་རེད། སྒྲོག་འགྲེལ་བ་ཟླ་བ་བཟང་པོས་གོ་བདེ་ཤེས་སླའི་སྐད་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་གོང་བཀུར་དང་མི་དམངས་ཀྱིས་གུས་བཀུར་ཆེན་པོ་བྱེད་པའི་མཁས་མཛངས་ལྡན་པའི་གཙོ་འཛིན་ཡིན་པ་དང་། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་དཔེ་མཚོན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། ལུགས་རྙིང་སྲོལ་ངན་འདོར་བ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་པ་རེད། ཆུ་ཚོད་གསུམ་གྱི་སྒྲོག་འགྲེལ་རིང་། ཞིང་འབྲོག་པ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་སྒྲོག་འགྲེལ་མཇུག་འགྲིལ་སྐབས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

    ཕྱུག་ཚང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིག་རྡོར་གྱིས་སྒྲོག་འགྲེལ་ཉན་རྗེས། “འདི་ནི་མང་ཚོགས་དང་འབྲེལ་འདྲིས་ཀྱི་སྒྲོག་འགྲེལ་ཞིག་ཡིན་ཞིང་། སྒྲོག་འགྲེལ་གྱི་ནང་དོན་གོ་བདེ་ལ་ཤེས་སླ་བས་དོན་དངོས་དང་མཐུན་པ་དང་། མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད། སླད་ཕྱིན་ང་ཚོས་སྒྲུབ་དགོས་པ་ནི་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་གྲོང་ཚོ་ཡོངས་ཀྱི་གྲོང་མིར་སློབ་གསོ་ཁྲིད་སྟོན་དང་། གྲོང་མི་རྣམས་ཀྱིས་རང་གི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་དང་། དཔའ་ངར་ཆེར་སྐྱེད་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུ་དེ་རེད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    “སྒྲོག་འགྲེལ་བ་ཞིག་གི་ངོས་ནས་ཤང་དང་གྲོང་ཚོ་དང་ཐག་རིང་འབྲོག་ཁུལ་གྱི་འབྲོག་རར་སྒྲོག་འགྲེལ་བྱེད་པའི་ལས་ཀ་འདི་མ་གཞི་དཀའ་ལས་ཁག་པོ་འདུག ཡིན་ནའང་མང་ཚོགས་རྣམས་ང་ཚོའི་སྒྲོག་འགྲེལ་བྱེད་ཐབས་ལ་དགའ་པོ་འདུག་པས་ཞིང་འབྲོག་པ་རྣམས་ཀྱིས་གོ་ཐུབ་པ་དང་། ཉན་འདོད་པ། དང་ལེན་བྱེད་པར་སྤྲོ་བའི་ནང་དོན་སྒྲོག་འགྲེལ་བྱེད་ཐུབ་ཚེ། དཀའ་ལས་ག་ཚོད་ཡོད་ཀྱང་ངས་བལྟས་ན་འདི་ནི་བྱེད་རིན་ཡོད་པ་ཞིག་རེད། རང་ཉིད་ཀྱིས་སྒྲོག་འགྲེལ་བྱས་པ་བརྒྱུད“སྣང་ཆེན་བཞི་དང་དགའ་ཞེན་བཞི”མི་དེ་བས་མང་པོས་གོ་ཐུབ་པའི་རེ་བ་ཡོད་ཅེས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཟླ་བ་བཟང་པོས་བརྗོད།

    ཡག་ར་ཤང་དུ་སྡོད་རིང་། སྒྲོག་འགྲེལ་ཚོགས་པས་ལྷོ་མ་གྲོང་ཚོ་དང་། སེར་ལེ་ཕུག་གྲོང་ཚོ། བྱང་མ་གྲོང་ཚོ་སོགས་སུ་སྒྲོག་འགྲེལ་བྱས་པ་དང་། མང་ཚོགས་ཉེ་འགྲམ་གྱི་དབུལ་སྒྲོལ་བྱུང་བའི་གྲོང་མི་དཔེ་མཚོན་དུ་བྱས་ནས་དཔེ་མཚོན་གྱིས་ཁྲིད་སྟོན་དང་ཉེ་འགྲམ་གྱི་གནས་ཚུལ་ལ་བརྟེན་ནས་ཁོ་ཚོར་སློབ་གསོ་བཏང་སྟེ་གཞི་རིམ་སྒྲོག་འགྲེལ་མི་སེམས་སུ་ཟུག་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་དེ་མངའ་རིས་ས་ཁུལ“སྣང་ཆེན་བཞི་དང་དགའ་ཞེན་བཞི”བྱེད་སྒོ་གཞུང་དོན་ཁང་གིས་དྲིལ་བསྒྲགས་སློབ་གསོ་ཁོའོ་དང་མངའ་རིས་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ་ནས་རྐང་འཛིན་སྒྲོག་འགྲེལ་བ་སྐོང་འཐེན་བྱས་ཏེ་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དང་། མངའ་རིས་ས་ཁུལ་གྱི་རྫོང་བདུན་དང་ཤང་དང་གྲོང་རྡལ་37གྱི་གྲོང་ཚོ་གྲོང་ལྷན་145རུ་བསྐྱོད་ནས་གོ་བདེ་ཤེས་སླ་བའི་སྐད་ཆས་དོན་དངོས་ཤོད་པ་དང་། དཔེ་འཇོག་པ། མྱོང་ཚོར་གླེང་བ་སོགས་རྣམ་པ་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་གཏིང་ཟབ་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་གོང་བཀུར་དང་མི་དམངས་ཀྱིས་གུས་བཀུར་ཆེན་པོ་བྱེད་པའི་མཁས་མཛངས་ལྡན་པའི་གཙོ་འཛིན་ཡིན་པ་སྒྲོག་འགྲེལ་བྱས་པ། སྔོན་ཐོན་དཔེ་མཚོན་སྒྲོག་འགྲེལ་བྱས་ཏེ་ཞིང་འབྲོག་པའི་ལས་བརྩོན་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་འཛུགས་པ། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་ལུགས་རྙིང་སྲོལ་ངན་འདོར་བ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་དངོས་གཞི་རིམ་ཞིང་འབྲོག་པའི་སེམས་སུ་ཟུག་པ་དང་། ཏང་གི་གསུང་སྒྲ་གཞི་རིམ་དང་། མང་ཚོགས། མི་སེམས་བཅས་སུ་གཏིང་ཟབ་ཟུག་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཞི་རིམ་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།