[ English ] [ 中文 ]
0891-6325020
  • ཏང་གི་བཀའ་དྲིན་བརྗེད་མི་སྲིད། ནམ་ཡང་ཏང་གི་རྗེས་སུ་འབྲངས།

    —— ལྷོ་ཁ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-11-25

    འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཇུས་འགོད་ཞིབ་ཚགས་དང་། ངེས་གནས་མཐོ་བ། ཚད་གཞི་མཐོ་བ། དོན་འཁྱོལ་ཡག་པོ་བཅས་མཐའ་འཁྱོངས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་དེས་སྒྲོག་འགྲེལ་ཐེངས་26355བྱས་པར་མང་ཚོགས་མི་ཐེངས་ཁྲི་182.6ཙམ་ཞུགས་པ་དང་། ལག་ལེན་བྱེད་སྒོ་ཐེངས་8395སྤེལ་བར་མང་ཚོགས་མི་ཐེངས་ཁྲི་76.2ཙམ་ཞུགས་ཡོད།

    ཏང་གི་ཐུགས་ཁུར་སེམས་སུ་བཅངས།

    འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་ལ་ཕན་འབྲས་ཐོན་རྒྱུར་དམ་འཛིན་ནན་པོ་བྱས་ནས་སྒྲོག་འགྲེལ་དང་། སྦྱར་ཡིག སློབ་ཁྲིད། ཁྲིམས་སྐྱོང་། དྲ་རྒྱ་སོགས་ལ་བརྟེན་ནས་གྲོང་ཚོ(གྲོང་ལྷན)དང་། ཨར་སྐྲུན་བྱེད་ཡུལ། ཞིང་ནང་དང་མུ་ཁ། མང་ཚོགས་ཀྱི་ཁྱིམ་བཅས་སུ་བསྐྱོད་དེ། གསོན་ཉམས་དོད་པའི་དཔེ་མཚོན་རེ་རེ་དང་མང་ཚོགས་ཚོས་གོ་བདེ་བའི་སྐད་ཆར་བརྟེན་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚུན་དུ་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དག་མང་ཚོགས་ལ་འགྲེལ་བཤད་གསལ་པོ་བརྒྱབ་སྟེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཚོས་དངོས་སུ་ཚོར་ཐུབ་པ་བྱས་ཡོད། ཏང་གི་གསུང་སྒྲ་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱིམ་ཚང་མི་རེ་ངོ་རེ་དང་མི་ཚང་མའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    སྟོན་བསྡུའི་སྐབས་སུ། ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་དང་ཏང་ཡོན་དང་ལས་བྱེད་པ་ཚོས་ཞིང་འབྲོག་མང་ཚོགས་དང་མཉམ་དུ“ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ། འབྱོར་འབྲིང་ལ་བསུ་བ་ཞུ”ཞེས་པའི་བྱེད་སྒོ་སྤེལ་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ལུགས་བརྗོད་དེ། ཞིང་འབྲོག་མང་ཚོགས་ཚོས་རང་ཉིད་ཀྱི་དཀའ་སྤྱད་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུར་སྐུལ་ལྕག་བྱས་ཡོད།

    འཕེལ་རྒྱས་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ།

    “མི་ཚང་མས་མཐུན་སྒྲིལ་ལ་སྣང་ཆེན་བྱེད། དུད་ཚང་ཚང་མས་འཕེལ་རྒྱས་དོན་གཉེར་བྱེད”ཅེས་པ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྗེས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྣང་ཚུལ་ངོ་མ་ཞིག་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གཏན་འབེབས་བྱ་སྤྱོད་ཡག་པོ་སྤེལ་རྒྱུ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ལྷོ་ཁ་གྲོང་ཁྱེར་གྱིས“དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་མང་ཚོགས་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཆོས་དད་མི་བྱེད་པའི་ཁས་ལེན”གྱི་བྱེད་སྒོ་དང་། “སྲོལ་ངན་དོར་བ་དང་། ཤེས་དཔལ་ལ་སྣང་ཆེན། སྲོལ་གསར་འཛུགས་པ”བཅས་རང་ཉིད་ནས་འགོ་བཙུགས་ཏེ“འཕྲོ་བརླག་བཏང་ན་ཞེ་ཁྲེལ་དང་། གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པའི”དྲིལ་བསྒྲགས་བྱེད་སྒོ་ཁེ་ལས་དང་སློབ་གྲྭར་སྤེལ་བ། “འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པའི་ནང་ང་ཡོད”ཅེས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་མི་སེར་གྱི་གཏམ་རྒྱུད་ཕྱོགས་བསྡུས་སོགས་ཁྱད་ཆོས་ལྡན་པའི་ལག་ལེན་བྱེད་སྒོ་བཅས་སྤེལ་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བར་སྐུལ་འདེད་བཏང་ཡོད། “ཏང་ཡོན་ཞིག་ཡིན་པའི་ང་ཚོས་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་བརྟན་དུ་བཏང་ནས། རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ཏེ་མང་ཚོགས་ལ་ཐེབས་པའི་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་། ཚན་རིག་གོང་དུ་བཀུར་བ། དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དབང་གྲགས་ཀྱི་སྣེ་ཁྲིད་འོག ས་མཚམས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་གོང་བུ་འགྲིལ་ཤུགས་དང་། ལྟེ་བར་ཕྱོགས་ཤུགས། འཇོན་ཐང་བཅས་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཁོང་གིས“ད་ཆ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ངོས་ནས་བཤད་ན། ‘སྣང་ཆེན་བཞི་དང་དགའ་ཞེན་བཞི’ནི་འབོད་ཚིག་ཙམ་མིན་པར་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་ཅིག་རེད”ཅེས་བཤད།

    ཤེས་དཔལ་གྱི་དར་སྲོལ་གསར་པ་སྐྱོང་།

    སྡེ་ཁུལ་འཆམ་མཐུན་བྱུང་བ་དང་། གྲོང་ཚོའི(གྲོང་ལྷན)ཁོར་ཡུག་གཙང་དུ་ཕྱིན་པ་སོགས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་འདེད་འོག ཡར་ཀླུང་ས་གཞི་ཆེ་མོར་ཤེས་དཔལ་གྱི་དཔྱིད་རླུང་ལྡང་ནས། “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ”དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཡ་རབས་ཀྱི་དར་སྲོལ་ཞིག་ཏུ་གྱུར་ཡོད།

    འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། “ལྷོ་ཁའི་དྲ་བ”དང་། “ལྷོ་ཁའི་གཞུང་ཕྱོགས” “ལྷོ་ཁའི་ཡོངས་བསྒྲགས” “དྲ་འཕྲིན་ཆུ་གསུམ” “གྲ་ནང་རིག་པའི་འབྱུང་གནས”སོགས་སྐད་འཕྲིན་སྤྱི་རྟགས་སྤྱད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགུལ་རྣམ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། ནང་དོན་དྲིལ་བསྒྲགས་བྱེད་རྒྱུ་ཚང་མར་ཁྱབ་སྟེ་གླེང་ཕྱོགས་ཀྱི་ཟིལ་ཤུགས་ཆེན་པོ་ཞིག་ཆགས་ཡོད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་དོན་ཁང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གྱི་གནད་བསྡུས་ཀྱི་དེབ་5097དང་། གྲོང་གསེབ་དར་རྒྱས་ཀྱི་བརྡ་ཁྱབ་ཤོག་ལྷེ་ཁྲི་1.8 ཏང་གི་དྲིན་ཚོར་སློབ་གསོའི་དྲིལ་བསྒྲགས་ཤོག་ལྷེ་3500བཅས་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།