[ English ] [ 中文 ]
0891-6325020
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་བྱེད་སྒོར་ཇི་ལྟར་སྐུལ་འདེད་གཏོང་བའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-12-18

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་གལ་ཆེན་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། 2017ལོ་ནས་བཟུང་། རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྗེས་ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་དུས་ཐོག་ཏུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྒྲོག་འགྲེལ་དཔུང་ཁག་བཙུགས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། ཕྱུག་འགྱུར་སྣེ་ཁྲིད་པ། ཀུན་སྤྱོད་དཔེ་བཟང་མི་སྣ་སོགས་ལས་གྲུབ་པའི“དམངས་ཁྲོད་སྒྲོག་འགྲེལ་ཚོགས་པ”དང་“མང་ཚོགས་སྒྲོག་འགྲེལ་ཚོགས་པ”སོགས་བཙུགས་ཏེ་སློབ་གྲྭ་དང་དགོན་སྡེ། ཞིང་དུད་སོགས་སུ་བསྐྱོད་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་གྲུབ་འབྲས་བཟང་པོ་ཐོབ་ཡོད། མིག་སྔར། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་ལ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་དབར་སྦྲེལ་མཐུད་ཡོད་པའི་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་ཡང་སླེབས་པས། དེར་བསྟུན་གྱི་གནས་བབ་གསར་པ་དང་ལས་འགན་གསར་པའང་ལྷགས་ཡོད། དེར་བརྟེན། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར། མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་ཀ་ལེགས་པར་སྒྲུབ་དགོས་པ་དང་། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཡ་རབས་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་ཏེ། ལྗོངས་ཡོངས་ཀྱི་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་བའི་འགན་ལེན་བྱས་ནས་མཐའ་སྐྱོང་བོད་བརྟན་དང་དམངས་ཕྱུག་བོད་དར་གྱི་རླབས་ཆེ་བའི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    གཅིག བསམ་བློའི་སློབ་གསོ་ནི་མི་སེམས་གཅིག་སྒྲིལ་གྱི་ལས་དོན་གལ་ཆེན་ཞིག་ཡིན།

    མང་ཚོགས་ཀྱི་ལས་ཀ་སྒྲུབ་མཁས་པ་ནི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན་ཞིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་རྣམས་དོན་དངོས་དང་། འཚོ་བ། བོད་ཀྱི་རྒྱ་ཆེའི་མང་ཚོགས་བཅས་དང་ཐག་ཉེ་བས། དམིགས་སའི་རང་བཞིན་མངོན་གསལ་ལྡན་ཡོད་དེ། གཅིག་ནས་བོད་ལྗོངས་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད་ཅིང་། མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་དུ་གཏོགས་པ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་བྱ་བ་མཉམ་སྒྲུབ་བྱེད་ཀྱི་ཡོད་པས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་ལས་མི་རིགས་མཐུན་སྒྲིལ་རྒྱུན་འཁྱོངས་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏིང་ཟབ་གཏོབ་ཐུབ། གཉིས་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། དེ་ཡང་ཕྱི་རྐྱེན་ནི་བྱ་དངོས་འགྱུར་ལྡོག་ཡོང་བའི་ཆ་རྐྱེན་ཡིན་ལ། ནང་རྐྱེན་ནི་བྱ་དངོས་འཕེལ་རྒྱས་དང་འགྱུར་ལྡོག་གི་གཞི་འཛིན་ས་ཡིན་པ་དང་། བོད་ལྗོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཐུག་ཡོད། དེར་བརྟེན། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱིས་བྱས་རྗེས་འཇོག་པ་དང་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་འཛུགས་སྐྲུན་གྱི་སྤྲོ་སེམས་སྐུལ་སློང་བྱས་ཏེ། རྒྱུན་ཆད་མེད་པར་བློ་དང་རིག་པ་འཕེལ་བར་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི“རང་བརྟེན”ནུས་པ་གོང་མཐོར་གཏོང་དགོས། གསུམ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལས་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པའི་ཧུར་སེམས་སྐུལ་སློང་ཤུགས་ཆེན་བྱེད་ཐུབ་པས། རང་ཉིད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཡར་ཐོན་ལའང་ཕན་པ་ཆེན་པོ་ལྡན་པ་རེད།

    གཉིས། བྱེད་སྟངས་དང་བྱེད་ཐབས་ལ་དང་དོད་བྱས་ཏེ་ནང་དོན་འབུར་ཐོན་ཡོང་བ་བྱེད་དགོས།

    བོད་ལྗོངས་སྤྱི་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་དྲིལ་བསྒྲགས་ལས་དོན་སྒྲུབ་སྐབས། ངེས་པར་དུ་བྱེད་སྟངས་དང་བྱེད་ཐབས་ལ་དོ་སྣང་དང་གཙོ་གནད་འབུར་ཐོན་བྱེད་དགོས་ཏེ། དེ་ཡང་གཅིག་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས་ཤིང་། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་གི་ཁོངས་མི་ཡིན་པ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་མི་རིཌ་ཁག་གི་སེམས་པའི་རྟེན་ས་དང་བསམ་པའི་ཁྱིམ་གཞིས་བཅས་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་མ་ཟད། བོད་ཀྱིས་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བྱས་ནས་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ངོས་འཛིན་གོང་མཐོར་གཏོང་དགོས། གཉིས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་སྤྱི་ཚོགས་ཁྱོན་ཡོངས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་རང་འགུལ་ངང་ཏང་གི་རྗེས་སུ་འབྲང་བ་དང་ཏང་གི་བཀའ་ལ་ཉན་པའི་འདུ་ཤེས་དང་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི་ཆོད་སེམས་བརྟན་དུ་གཏོང་དགོས། གསུམ་ནས་གཞི་རིམ་གྱི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། བོད་ཀྱི་གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས། ལས་འཁྱུར་བཀོད་སྒྲིག་སོཌ་ཕྱོགས་གང་ཅིའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། བོད་ཀྱི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་ཚོར་བར་བྱེད་དགོས། བཞི་ནས་མང་ཚོགས་ཉེ་འགྲམ་ཀྱི་དཔེ་མཚོན་མི་སྣའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མང་ཚོགས་ལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    གསུམ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་གྲུབ་འབྲས་བཟང་པོ་སྲ་བརྟན་དུ་གཏོང་དགོས།

    “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་མང་ཚོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བ་དེས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་ཏང་ལ་དགའ་ཞེན་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་པ་དང་། མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཏེ་གང་ས་གང་དུ་བྱས་རྗེས་ལ་སྣང་ཆེན་དང་ཤེས་དཔལ་ལ་སྣང་ཆེན་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསོན་ཉམས་དོད་པོ་ཞིག་མངོན་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ནི་རྒྱུན་མཐུད་ཀྱི་ཁྲོད་དུ་གནས་ཤིང་འཛད་མཐའ་མེད་པ་ཞིག་ཡིན་པས། ང་ཚོས་གཅིག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་སློབ་གསོ་ལག་ལེན་བྱེད་སྒོའི་ཡུན་རིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་ནས་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། གཉིས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་སློབ་གསོ་ལག་ལེན་བྱེད་སྒོའི་ཉམས་མྱོང་དང་གྲུབ་འབྲས་ཕྱོགས་བསྡོམས་གཏིང་ཟབ་བྱེད་དགོས་ཤིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་མང་ཚོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། ས་གནས་ཁག་ཏུ་སྔོན་ཐོན་དཔེ་མཚོན་མང་པོ་གང་མགྱོགས་སྔོག་འདོན་གྱིས་ཁྱབ་གདལ་དུ་བཏང་ཆོག་པ་དང་འདྲ་བཟོ་བྱས་ཆོག་པའི་ཉམས་མྱོང་ཁག་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་དགོས། གསུམ་ནས་དེང་རབས་ཀྱི་སྨྱན་སྦྱོར་བྱེད་ཐབས་དང་ཁྱབ་སྤེལ་བྱེད་སྟངས་བརྒྱུད་ནས་“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་སློབ་གསོ་ལག་ལེན་བྱེད་སྒོའི་ཁེབས་རྒྱ་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་སློབ་གསོ་ལག་ལེན་བྱེད་སྒོར་དོ་ཁུར་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས།

    མཇུག་མཐར། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བར་ཐབས་ཤེས་ཟུང་འབྲེལ་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་གནད་དོན་བཙལ་འཚོལ་དང་གནད་དོན་རེ་རེ་བཞིན་དག་ཐེར་བྱེད་པ་རྒྱུན་འཁྱོངས་ཀྱིས་སློབ་གསོ་དང་ལག་ལེན་བྱེད་སྒོའི་ཁྲོད་ལྷགས་པའི་གནད་དོན་དང་དཀའ་ངལ་དངོས་ལ་དབྱེ་ཞིབ་ནན་ཏན་དང་། གོ་རིམ་གསལ་རྟོགས། ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་འཕྱུགས་མེད་ངང་འཚོལ་བ། གནད་དོན་ཐག་གཅོད་པ་བཅས་བྱས་ནས། སློབ་གསོ་དང་ལག་ལེན་བྱེད་སྒོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། སློབ་གསོ་དང་ལག་ལེན་བྱེད་སྒོར་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

    (ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭ། ཚེ་རིང་དབང་མོ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།