སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་གཙིགས་མཐོང་ཧ་ཅང་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་འཁུར་ཟབ་བཞེས་གནང་གི་ཡོད། སྤྱི་ལོ་1998ལོར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་རུ་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་ཁ་གཏད་བོད་སྐྱོར་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཡང་དེ་སྔ་ཁོང་ཀྲེ་ཅང་དང་ཧྲང་ཧའེ་སོགས་སུ་ཕྱག་ལས་གནང་སྐབས། བོད་སྐྱོར་ལས་དོན་ལ་མཐོང་ཆེན་པོ་གནང་ནས་སྐུ་ངོ་མས་ལས་དོན་བཀོད་སྒྲིག་ཐེངས་མང་གནང་ཡོད། སྤྱི་ལོ་2011ལོའི་ཟླ་7པར། བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་བསྣམས་ཕེབས་ཏེ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་གནང་བ་དང་གལ་ཆེའི་གསུངས་བཤད་རབ་དང་རིམ་པ་གནང་བ་མ་ཟད། བོད་ལ་སྒོར་དུང་ཕྱུར་3300ལྷག་ཙམ་ཟིན་པའི་ཕྱག་རྟགས་བསྣམས་ཡོད་པ་རེད། སྤྱི་ལོ་2015ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་དང་བཅས་འཚོཌ་གནང་བ་དང་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་བོད་ལྗོངས་འདི་ཉིད་སྤྱི་ལོ་2020ལོར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་འགྲུབ་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད་པས་རང་རེའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་འགོ་གསར་པ་བཙུགས་ཡོད།