མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་གཏོང་རྒྱུ་ནི་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་དེ་ཁ་བྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་བརྟན་པོ་འཛུགས་པ་དང་མི་རིགས་ཁག་གི་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གྲ་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་དེ་ཡིན་ཞིང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་གྱིས་མི་འདྲ་བའི་ཆ་ལ་བརྩི་འཇོག་དང་སྣེ་མང་རིགས་ལ་ཁོག་ཡངས་བྱས་ཏེ་མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་བལྟ་སྐྱོང་བྱེད་རྒྱུ་དེ་ཡིན་པ་དང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་ཀྱི་མི་རིགས་ཁག་གི་ཁེ་དབང་ཁྲིམས་བཞིན་འགན་སྲུང་བྱེད་དགོས་པ་དེ་ཡིན། 3. བོད་སྐྱོར་ལས་དོན་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཐེབས་ཡོད།
རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུ་དེ་ནི་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་ཇུས་ཤིག་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་རིང་། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་པ་དང་། ལྷག་པར་དུ་སྤྱི་ལོ་1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་སྐོང་འཚོགས་གནང་ནས་ཀྲུང་དབྱང་ཚན་པ་ཁག་དང་ཞིང་ཆེན་དང་གྲོང་ཁྱེར་15ཡིས“ཁ་གཏད་བོད་སྐྱོར་དང་། ཁག་བགོས་འགན་འཁུར། དུས་གཏན་རེས་སྐོར”བཅས་བྱ་རྒྱུའི་གལ་ཆེའི་ཇུས་ཐག་བཅད་ཡོད། སྤྱི་ལོ་1952ལོ་ནས་2014ལོ་བར། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རིགས་འདྲ་མིན་གྱི་ནོར་སྲིད་ཁ་གསབ་གཏོང་ཚད་སྒོར་དུང་ཕྱུར་6480.8ཟིན་ནས་བོད་ས་གནས་ཀྱི་སྤྱི་པའི་ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆ་92.8ཟིན་ཡོད། སྤྱི་ལོ་2015ལོའི་ཟླ་8པ་བར། སྔ་རྗེས་སུ་བོད་སྐྱོར་ལས་བྱེད་དང་ཆེད་ལས་ལག་རྩལ་པ་ཁག་7གྱི་མི་གྲངས་6000ཙམ་བོད་དུ་ཡོང་ནས་ལས་དོན་བསྒྲུབས་པ་དང་བོད་སྐྱོར་རྣམ་གྲངས་7615ལག་བསྟར་བྱས་པར། བོད་སྐྱོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་260ཟིན་ཡོད། བོད་སྐྱོར་བྱེད་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས། ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། བོད་ཀྱི་དོན་དངོས་གཞིར་བཟུང་རྒྱུན་ཆད་མེད་པར་བོད་སྐྱོར་གྱི་ནང་དོན་གཏིང་ཟབ་ཏུ་བཏང་བ་དང་། བོད་སྐྱོར་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ། བོད་སྐྱོར་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ། རྒྱུན་ཆད་མེད་པར་ཤེས་ལྡན་པ་དང་། ལག་རྩལ། དངུལ་རྩ་བཅས་ཀྱི་བོད་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ་བཅས་བོད་སྐྱོར་རྣམ་གྲངས་ཁག་གོམ་གང་མདུན་སྤོས་ཀྱིས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་ཡོད་པ་རེད། བོད་སྐྱོར་རྣམ་གྲངས་དེ་དག་ནང་ཞིང་ལས་དང་། ནགས་ལས། འབྲོག་ལས། ཆུ་བེད། གློག་ཤུགས། འགྲིམ་འགྲུལ། ནུས་རྒྱུ། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། རླུང་འཕྲིན་བརྙན་འཕྲིན། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གཞི་རིམ་སྲིད་དབང་འཛུགས་སྐྱོང་། མང་ཚོགས་ཀྱི་སྡོད་ཁང་བསྒྱུར་བཟོ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཁག་ཚུད་ཡོད་པས་ཕྱོགས་ཡོངས་དང་། བང་རིམ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་སྐྱོར་རྣམ་པ་ཞིག་ཆགས་ཡོད།
(མུ་མཐུད་འགོད་རྒྱུ)