[ English ] [ 中文 ]
0891-6325020
  • ཏང་གི་སྲིད་ཇུས་བཟང་། ཕྱུག་འགྱུར་སེམས་ཤུགས་ཆེ།

    གོང་དཀར་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལས་ཡུལ་དུ་སྒྲོག་འགྲེལ་བྱས་པའི་སྐོར་གྱི་ཟུར་བཀོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-21

    ཟླ་5ཚེས་4ཉིན་གྱི་སྔ་དྲོ་ངས(གསར་འགོད་པ)གོང་དཀར་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཚོགས་ཆུང་དང་མཉམ་དུ་ཤུར་གྲོང་ཚོའི་ཚོགས་ཆུང་ལྔ་པའི་ཆུ་ཡུར་ཆུ་འདྲེན་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་པ་ཡིན། དེ་གར་འདྲུད་འཐེན་འཁོར་ལོའི་ལྡིར་སྒྲ་དང་རྡེག་སྒྲ་འུར་འུར་དུ་གྲགས་པ་དང་ཆབས་ཅིག《ང་ཚོ་བཟོ་པར་སྟོབས་ཤུགས་ཡོད》ཅེས་པའི་གཞས་ཤིག་རྔམ་བརྗིད་ལྡན་པའི་སྒོ་ནས་གཏོང་བ་ཐོས་བྱུང་།

    གསར་འགོད་པ་དང་བཅས་པ་ཡོང་བ་མཐོང་སྐབས་བཟོ་པ་ཚོའི་ངོ་གདོང་ནས་ཁོང་ཚོ་སུ་ཡིན་ནམ་སྙམ་པའི་རྣམ་འགྱུར་ཞིག་མངོན་རུང་། ལག་གཉིས་སྡོད་ཁོམས་མེད་པར་བརྫིས་ཟིན་པའི་ཨར་འདམ་འདྲུད་འཐེན་འཁོར་ལོ་ནས་ས་སྟེང་དུ་འབེབས་པར་བྲེལ།

    ཨར་ལས་ཀྱི་འགན་འཁུར་བ་ཞེ་ཡུན་ཞུའེ་ཡིས་འདི་གར་ཡོད་པའི་བཟོ་པ་18ཚང་མ་ཤུར་གྲོང་ཚོའི་ཚོགས་ཆུང་ལྔ་པ་ནས་ཡིན་ཞིང་། ཆ་སྙོམས་ལོ་ཚད་30ནས་50བར་རེད། ད་ལྟ་ཏག་ཏག་ཞིང་ཆུ་འདྲེན་པའི་དུས་ཚིགས་ཡིན་པ་དང་ཆུ་ཡུར་དེའང་ཤུར་གྲོང་ཚོ་ཡོངས་ལ་ཁྱབ་ཐུབ་པས་གྲོང་མི་ཚོས་ལས་ཀ་འཕར་མ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ཉིན་དགུང་མཚམས་སུ་གྲོང་མི་ཚོས་ལས་ཀ་བྱེད་མཚམས་བཞག་སྟེ་སྔ་ས་ནས་གྲ་སྒྲིག་ཟིན་པའི་དགུང་ཟས་བཏོན་ནས་ཁ་ལག་ཟ་ཞོར་དུ་ཅི་འཕྲོས་མོལ་འཕྲོས་ཤོད་འགོ་ཚུགས།

    “ཉེ་ཆར་བྱེད་སྒོ་གང་ཞིག་སྤེལ་གྱི་ཡོད་མེད་ཁྱེད་ཚོས་ཤེས་སམ”ཞེས་སྒྲོག་འགྲེལ་པ་པད་མ་སྒྲོལ་མས་འཛུམ་མདངས་དང་བཅས་དེ་སྐད་ཆ་དྲིས། “ཤེས་ཀྱི་ཡོད། དེའང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བཅས་བྱ་རྒྱུ་དེ་རེད”ཅེས་ལོ་58ལ་སླེབས་པའི་དགྲ་འདུལ་གྱིས་འཚང་ཁ་ཤིག་ཤིག་ངང་བཤད་བྱུང་།

    “ཚང་མས་སློབ་སྦྱོང་ཡག་པོ་བྱས་འདུག འོ་ན་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས་དོན་གང་ཡིན་པ་ང་ལ་ཤོད་དང”ཞེས་པད་མ་སྒྲོལ་མས་མུ་མཐུད་དྲིས།

    “ང་སྔོན་ལ་ཤོད་ཀྱི་ཡིན། དེ་སྔོན་ངའི་ཁང་པ་ཆུང་ལ་ཆུ་དང་གློག་ཡང་མེད། རྗེས་སུ་ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་པ་མ་ཟད། ད་དུང་ཆུ་དང་གློག་ཁྲིད་པ་མ་ཟད་གློག་ཆས་གསར་པའང་ཉོས་པས་འཚོ་བ་སྐྱིད་ཅིང་རྒྱགས་པ་འདུག ད་ཆ་ཚ་བོ་སློབ་གྲྭར་གཏོང་བར་སློབ་ཡོན་དགོས་ཀྱི་མི་འདུག་ལ་ང་ཚོ་རྒན་རྒོན་སྨན་བཅོས་བྱེད་པར་ཡང་གྲོང་གསེབ་ཀྱི་སྨན་བཅོས་ལམ་སྲོལ་གསར་པ་ཡོད་པས་སེམས་ཁྲལ་མི་འདུག དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད”ཅེས་རྟག་ཏུ་གཏམ་བཤད་དང་པོ་བྱེད་མཁན་དགྲ་འདུལ་གྱིས་བཤད་བྱུང་།

    “ཆུ་ཡུར་འདིར་ཆ་མཚོན་ན། སྔོན་མ་ཆུ་ཆུང་བ་དང་འདམ་པ་མང་བས་ཡུར་བུ་འགག་ཚབས་ཆེ་ཙམ་ཡོད། དེས་ན་ཁྱིམ་ཚང་ཚང་མས་བང་བསྒྲིགས་ཏེ་ཞིང་ཆུ་འདྲེན་དགོས་པས་དུས་ཚོད་མང་པོ་འགོར་ལ་ལས་ཀ་མང་པོའང་འཐུས་ཤོར་འགྲོ་གི་འདུག འདི་ལོའི་དཔྱིད་དུས་སུ་སྲིད་གཞུང་གིས་ཆུ་ཡུར་འདི་ཉམས་བཟོ་དང་། རྒྱ་སྐྱེད། བསྐྱར་སྐྲུན་བཅས་བྱེད་པའི་གཏན་འཁེལ་བྱས་འདུག”གྲོང་མི་ཉི་མས་ཐོབ་དཀའ་བའི་གཏམ་བཤད་ཀྱི་གོ་སྐབས་སྤྱད་དེ“ང་འདི་གར་ལས་ཀ་བྱས་ན་ཟླ་རེར་གླ་ཕོགས་སྒོར་4000ཡོད་པ་དང་དེ་ལྟར་རྩིས་བརྒྱབ་ན་ལས་མཇུག་འགྲིལ་སྐབས་ང་ལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཡོང་གི་འདུག ཏང་དང་སྲིད་གཞུང་གིས་ང་ཚོ་ཞིང་འབྲོག་པར་ཐུགས་ཁུར་ཟབ་མོ་འདི་འདྲ་གནང་གི་འདུག”ཅེས་སྐད་ཤུགས་ཆེན་པོས་བཤད་བྱུང་།

    ཤུར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་གིས་ཉམས་བཟོ་ཟིན་པའི་ཆུ་ཡུར་དུམ་བུ་ཞིག་ལ་མཛུབ་མོ་བཙུགས་ཏེ“ལས་གྲྭ་འདི་ཕལ་ཆེར་ཟླ་བ་བདུན་པར་ལས་མཇུག་འགྲིལ་ངེས། སྐབས་དེར་ཆུ་ཡུར་འདི་ནས་ཤང་ཡོངས་ཀྱི་ས་ཞིང་མུའུ་4500ལྷག་ཙམ་ལ་ཞིང་ཆུ་འདྲེན་ཐུབ་ལ་དུད་ཚང་300ཡི་གྲོང་མིའི་ཞིང་ཆུ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པས་ཚང་མས་འདི་ནི་ཕ་ཚ་བུ་རྒྱུད་ལ་ཕན་པའི་ལས་གྲྭ་ཡག་པོ་ཞིག་རེད་ཅེས་བརྗོད་ཀྱི་འདུག”ཅེས་བཤད་བྱུང་།

    པད་མ་སྒྲོལ་མས་འདི་གའི་གྲོང་མི་རྣམས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་ནང་དོན་ཚང་མ་ཁོང་དུ་ཆུད་པ་མ་ཟད། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བ་དེ་བས་གཏིང་ཟབ་པོ་ཞིག་ཀྱང་ལེན་ཐུབ་ཡོད། ཁོ་ཚོས་རང་ཉིད་ཀྱིས་གོ་བ་བླངས་པའི་ནང་དོན་གྲོང་མི་དེ་བས་མང་བར་བརྒྱུད་བསྒྲགས་བྱེད་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།