[ English ] [ 中文 ]
0891-6325020
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཡོད། བོད་ཀྱི་མི་རིཌ་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཚོ་ལྟར་ཟབ་པའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-07-31

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཙིགས་མཐོང་ཧ་ཅང་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། དེ་སྔ་ཧྥུའུ་ཅན་དང་། ཀྲེ་ཅང་། ཧྲང་ཧའེ་སོགས་སུ་ཕྱག་ལས་གནང་སྐབས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ཐད་ཐུགས་ཁུར་དང་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། སྤྱི་ལོ་2011ལོའི་ཟླ་7པར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་སྐུ་ངོ་མ་བོད་ཀྱི་དྲན་གསོའི་བྱེད་སྒོར་ཞུགས་གནང་བ་དང་། ཏང་ཀྲུང་དབྱང་གི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་དུང་ཟབ་མོ་གནང་ལུགས་མཚོན་པར་གནང་བ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་ཆེད་སྒོར་དུང་ཕྱུར་3305ཡི་ཕྱག་རྟགས་ཆེ་མོ་བསྣམས་ཡོད་པ་རེད། སྤྱི་ལོ་2013ལོའི་ཟླ་3པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་བཏོན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་ཆ་རྐྱེན། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ལོངས་སྤྱོད་ཐུབ་པ་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    སྤྱི་ལོ་2015ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་སྐོང་ཚོགས་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་འདུའི་ཐོག་རང་རེའི་ཏང་གི་བོད་ཀྱི་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་གནང་བའི་རྨང་གཞིའི་ཐོག་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པ། ལས་འགན་གསར་པ་བཅས་ཁོང་དུ་ཡག་པོ་ཆུད་པ་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་ཀྱི་བོད་ཀྱི་གལ་ཆེའི་གནས་བབ་མཐོར་འདེགས་བྱུང་བ་དང་། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་ཀའི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་གསལ་སྟོན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་ངོ་དྲུག་ཅུའི་ལག་ལེན་གྱི་བརྒྱུད་རིམ་ཁྲོད་ཏང་གིས་བོད་སྐྱོང་འཐབ་ཇུས་ཤིག་གྲུབ་ཡོད་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། དམངས་སེམས་གཅིག་བསྡུས། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ས་དང་དོན་ལ་བབ་སར་བརྩིས་ཏེ་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་དོན་འཁྱོལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟབ་ཏུ་གཏོང་དགོས་པ། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་ཆེ་མོ་གཉིས་སྤྱི་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།