[ English ] [ 中文 ]
0891-6325020
  • ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-18

    ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདག་པོའི་ངོས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་སྤྲོ་སེམས་ཆེར་བསྐྱེད་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ་1959ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད་པ་དང་སྤྱི་ལོ་2016ལོར་སྒོར་དུང་ཕྱུར་1150.07ཟིན་ཞིང་། སྤྱི་ལོ་1992ལོ་ནས་བཟུང་ལོ་24བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། རྨང་གཞིའི་སྒྲིག་བཀོད་མེད་པ་ནས་ཡོད་པ་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ནས་གཞུང་ལམ་གྱིས་གཙོ་བོ་བྱེད་པ་དང་། མཁའ་འགྲུལ་དང་། ལྕགས་ལམ། ཕུག་ལམ་བཅས་མཐུན་སྦྱོར་གོང་འཕེལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་ཆགས་ཟིན་པ་སྟེ། སྤྱི་ལོ་2016 ལོར་ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་ལམ་ཐག་སྤྱི་ལེ་བརྒྱད་ཁྲི་ཉིས་སྟོང་ཟིན་ནས་ལྗོངས་ཡོངས་སུ་ཁྱབ་པའི་གཞུང་ལམ་དྲ་བ་རྩ་བའི་ཆ་ནས་བསྐྲུན་ཟིན་པ་དང་། མཚོ་བོད་ལྕགས་ལམ་གཞིས་རྩེའི་བར་བསྐྲུན་ཟིན་པ། ཁྲོན་བོད་ལྕགས་ལམ་སྐྲུན་འགོ་ཚུགས་ཤིང་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བདེ་བླག་ཡོད་པ་རེད། ཆུ་གློག་གིས་གཙོ་བོ་བྱེད་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་བཅས་ཕན་ཚུན་གསབ་རེས་ཀྱི་ནུས་རྒྱུ་གསར་པའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་ནས་སྤྱི་ལོ་2016 ལོར་ལྗོངས་ཡོངས་ཀྱི་གློག་འདོན་ཚད་ཝ་སྟོང་ཚན་ཁྲི་ཚོ་265 ཟིན་པ་དང་། ཁྲོན་བོད་དང་མཚོ་བོད་གློག་ཤུགས་དྲ་སྦྲེལ་ལས་གཞིས་གློག་ཤུགས་ཀྱི་མཁའ་ལམ་ཞིག་བཏོད་ཡོད། འོད་སྐུད་དང་། སྲུང་སྐར། དྲ་བ་བཅས་ཀྱིས་གཙོ་བོ་བྱེད་པའི་དེང་རབས་ཀྱི་འཕྲིན་གཏོང་དྲ་བའི་མ་ལག་ལྗོངས་ཡོངས་སུ་ཁྱབ་ནས་ལྗོངས་ཡོངས་ཀྱི་འོད་སྐུད་ཀྱི་རིང་ཚད་སྤྱི་ལེ་ཁྲི་ཚོ་11.4ཟིན་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་མྱུར་པོ་བྱུང་ནས་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་། སྤྱི་ལོ་2016ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཁག་སོ་སོར་སྒོར་27802དང་སྒོར་9094ཟིན་ཡོད། བདེ་སྡོད་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་པ་དེས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་ཚོ་46.03གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཤུགས་ཆེ་སྤེལ་ནས་དབུལ་སྐྱོར་གནད་འཕིགས་དང་དབུལ་སྒྲོལ་གནད་འཕིགས་ཡོང་བ་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཟིན་ཞིང་། སྤྱི་ཚོགས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་ཚང་བཟོས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་བྱས་པ་དང་། དྭ་ཕྲུག་དང་བློ་འདོད་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་རྣམས་གཅིག་སྡུད་འཚོ་སྐྱོང་ཐུབ་ཡོད། ལྷ་སས་ལྟེ་བར་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་བསྐྲུན་ཟིན་པ་དང་། རིན་མེད་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཁྱབ་ཡོད་ཅིང་། རྒྱལ་ཡོངས་ཀྱི་སྔོན་དང་པོར་སྨན་བཅོས་རོགས་སྐྱོབ་དེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་རྒྱུ་དང་སྤྱི་ཚོགས་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་བ་དང་། སྔོན་དང་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཚུད་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་མངོན་འགྱུར་བྱུང་ཞིང་། མི་རེའི་ཆ་སྙོམས་ཚེ་ཚད་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་ལོ་35.5ནས་ལོ་68.17བར་རིང་དུ་ཕྱིན་ཡོད། བུ་བཅོལ་ཁང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ལ་ཁྱབ་པའི་ཅུང་ཆ་ཚང་བའི་དེང་རབས་ཀྱི་སློབ་གསོའི་མ་ལག་གྲུབ་ཟིན་ཞིང་། བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལོ་བཅོ་ལྔའི་འོས་འགན་སློབ་གསོའི“འགན་ལེན་གསུམ”(ལྟོ་ཆས་འགན་ལེན་དང་། ཉལ་ཁང་འགན་ལེན། སློབ་ཡོན་འགན་ལེན)ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མར་ཁྱབ་ཡོད་པས་གཞོན་ནུ་དང་དར་མའི་ཡིག་རྨོངས་གཞི་རྩའི་ཆ་ནས་བསལ་ཡོད། སྤྱི་པའི་རིག་གནས་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ཟིན་ཞིང་། གྲོང་ཁྱེར་དང་ས་ཁུལ་ལ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཡོད་པ་དང་། རྫོང་ཁག་ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང་ཁག་ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ས་ཚིགས་ཡོད་པ། སྲིད་འཛིན་གྲོང་ཚོར་ཞིང་ཁྱིམ་དཔེ་དེབ་ཁང་ཡོད་པ། དགོན་སྡེ་ཚང་མར་དེབ་ཁང་ཡོད་པ་བཅས་བྱ་རྒྱུ་རྩ་བའི་ཆ་ནས་མངོན་འགྱུར་བྱུང་བ་དང་། ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་95.21%དང་96.32%ཟིན་ཏེ་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    དོན་དངོས་ནི་རྩོད་པ་བརྒྱ་ལས་ལྷག་ཅེས་པ་ལྟར། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཡང་མེད། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག དྲོ་སྐྱིད་ལྡན་པའི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ་བོད་ལ་གཞི་ནས་གྲ་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་བས་ཀྲུང་གོ་གུང་ཁྲན་ཏང་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མགོན་སྐྱབས་ཆེན་པོ་རེད།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།