[ English ] [ 中文 ]
0891-6325020
  • ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-06-08

    ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་མི་རིགས་སྙིང་སྟོབས་ཀྱི་སྲོག་ཤིང་ཞིག་ཡིན་པའི་ངོས་ནས་བརྗོད་ན། རྒྱལ་གཅེས་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་བསམ་པའི་སྦྲེལ་ཐག་ཅིག་དང་། ཐོག་མཐའ་བར་གསུམ་དུ་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཤིག ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེ་མོ་ཞིག་བཅས་རེད། ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་པར། རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་ལ་རང་རྟོགས་ངང་བརྩི་བ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཁྲག་རྒྱུན་གྱི་བླ་སྲོག་ནང་རང་རྟོགས་ངང་མཉམ་འདྲེས་བྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་ཐུན་མོང་ལ་དབང་བའི་བསམ་བློའི་ཀ་རྟེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    “མི་དམངས་འདུས་ནས་རྒྱལ་ཁབ་ཆགས། རྒྱལ་དམངས་ཕུང་པོ་གཅིག་ཏུ་འདུས། བཟང་ཞན་ཤི་གསོན་ཅི་འབྱུང་མིན།

    རང་འགན་གཙང་མར་འཁུར་རྒྱུར་ཐུག”བོད་འདི་ཉིད་རླབས་ཆེན་མེས་རྒྱལ་གྱི་པང་དུ་གནས་པ་ཡིན་ན། གཞི་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལྡན་ངེས་ཡིན་པ་དེ་ནི་ང་ཚོས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བབ་ཆགས་ཤོས་ཀྱི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཤིག་རེད། ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་པར། རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    གུང་ཁྲན་ཏང་སླེབས་པས་སྡུག་བསྔལ་བདེ་ལ་འགྱུར། གུང་ཁྲན་ཏང་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མགོན་སྐྱབས་ཆེ་མོ་ཡིན། ལོ་60ལྷག་ཙམ་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་བའི་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་སོགས་ལོ་རྒྱུས་ཀྱི་དུས་མཚམས་བརྒྱུད་ནས་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་ཕྱུག་འགྱུར། སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་འབྱེད་བཅས་ཀྱི་དུས་རབས་གསར་པར་བསྐྱོད་དེ་དུས་ཐུང་ལོ་བཅུ་ཕྲག་འགའ་ཤས་རིང་ལོ་ངོ་སྟོང་ཕྲག་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། དེ་ནི་ང་ཚོས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པར་གོ་བ་ལེན་པའི་ལོ་རྒྱུས་ཀྱི་གཞི་གནས་ཤིག་ཡིན་ལ། ང་ཚོས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་རྒྱུ་དར་སྤེལ་གཏོང་བའི་དངོས་ཡོད་ཀྱི་གཞི་འཛིན་ས་ཞིག་ཀྱང་རེད། ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་གྱི་སྤྱི་དམངས་ཡག་པོ་ཞིག་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པ་མེད་པ་དང་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་པའི་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་ཏང་གི་བཀའ་དྲིན་རྟོགས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་དྲིན་འཇལ་བ་བཅས་བྱས་ཏེ། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་སྲོག་ཤིང་ལ་མིག་ལྟོས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་གོང་བཀུར་དང་། ཡིད་རྟོན། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ང་ཚོས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་པ་དང་རྒྱལ་ཁབ་སྟོབས་ལྡན་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་ཧྭ་མི་རིགས་དར་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བའི་འགྲོ་ལམ་ལྡོག་མེད་ཅིག་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ནི་ང་ཚོའི་བྱ་གཞག་གི་བླ་སྲོག་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན། ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་གྱི་སྤྱི་དམངས་ཡག་པོ་ཞིག་བྱེད་པར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་དེ་2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་ལམ་ཐིག་ཅིག་ཡིན། མཐུན་སྒྲིལ་བྱུང་ན་གཞི་ནས་སྟོབས་ཤུགས་ལྡན་པ་དང་། མཐུན་སྒྲིལ་བྱུང་ན་གཞི་ནས་རེ་བས་ཁེངས་པ། མཐུན་སྒྲིལ་བྱུང་ན་གཞི་ནས་དར་རྒྱས་ཡོང་ཐུབ། མཐུན་སྒྲིལ་ནི་ང་ཚོའི་བྱ་གཞག་འཕེལ་རྒྱས་འགྲོ་བའི་གཞི་རྩའི་འགན་ལེན་ཞིག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་ཤོས་ཡིན། མི་རིགས་ཁག་མཐུན་སྒྲིལ་བྱུང་ན་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་ལས་རིགས་མ་ལུས་དར་རྒྱས་ཡོང་ངེས་རེད། དེ་ལས་ལྡོག་ན། སྤྱི་ཚོགས་ཟང་ཟིང་དུ་འགྱུར་ནས་མི་དམངས་ལ་ཆག་སྒོ་ཡོང་ངེས་ཡིན་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད། ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་པར། མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱས་ཏེ། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་དགོས། སེ་འབྲུ་བཞིན་གོང་བུ་གཅིག་ཏུ་སྒྲིལ་བ་དང་། སྤགས་གོང་བཞིན་ཕན་ཚུན་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཉ་ཆུ་ལྟར་བརྩེ་བ་ཟབ་པ་དང་ཕན་ཚུན་ལྟ་རེས་སྲུང་རེས་ཐུབ་པ་བྱས་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད་ནུས་པ་ཆེན་པོ་འདོན་པ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་ཞིག་རེད། ང་ཚོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མིན་པར་དེ་ནི་སྲིད་དབང་སྲུང་སྐྱོང་དང་། དར་ཆ་སྲུང་སྐྱོང་། འགྲོ་ལམ་སྲུང་སྐྱོང་བཅས་ཀྱི་སྒམ་ཞིང་ནན་པའི་ཆབ་སྲིད་འཐབ་རྩོད་ཅིག་རེད། ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་པར། ངེས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བ་ཤེས་རྟོགས་མཐར་ཕྱིན་བྱས་ཏེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་རང་རྟོགས་ངང་དབྱེ་མཚམས་གསལ་པོར་འབྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།