[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>གསར་འགྱུར་གསར་ཤོས།
  • མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན་གྱི་ལོ་བཅུའི་རིང་གི་གྲུབ་འབྲས།

    རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.15དང་དངོས་ཟོག་ཏུན་དུང་ཕྱུར་4.48སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-28

    ཉིན་ཤས་གོང་དུ། མཚོ་བོད་ལྕགས་ལམ་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2006ལོའི་ཟླ་བདུན་པ་ནས་མཚོ་བོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཚུན་དུ། མཚོ་བོད་ལྕགས་ལམ་ཀུང་སིས་ཚན་རིག་དང་མཐུན་པའི་སྐྱེལ་འདྲེན་དོ་དམ་བྱེད་ཐབས་ནན་པོ་དང་དེང་རབས་ཅན་གྱི་ལག་རྩལ་སྒྲིག་ཆས་རབ་དང་རིམ་པ་སྤྱད་དེ་མཚོ་བོད་ལྕགས་ལམ་གྱི་གཉེར་སྐྱོང་དོ་དམ་ཆུ་ཚད་དང་ཞབས་ཞུ་འགན་སྲུང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་བར་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་ནུས་མངོན་གསལ་དོད་པོ་ཐོན་པ་མ་ཟད། ལྕགས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་མཚོ་བོད་ལྕགས་ལམ་ལ་ཆབ་སྲིད་ལམ་ཐིག་དང་། དཔལ་འབྱོར་ལམ་ཐིག ཚེ་སྲོག་ལམ་ཐིག མཐུན་སྒྲིལ་ལམ་ཐིག སྣོད་བཅུད་ལམ་ཐིག བདེ་སྐྱིད་ལམ་ཐིག་ཅེས་འབོད་ཅིང་། དེ་ནི་འཛམ་གླིང་གི་ཡང་རྩེ་ནས་འཛམ་གླིང་དུ་སྐྱོད་པའི་གསེར་ཟམ་ལྟ་བུར་གྱུར་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང(2016ལོའི་ཟླ་5ཚེས་31ཉིན་བར་དུ) མཚོ་བོད་ལྕགས་ལམ་ཀུང་སིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.15དང་དངོས་ཟོག་ཏུན་དུང་ཕྱུར་4.48སྐྱེལ་འདྲེན་བྱས་ཡོད་པ་རེད། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དེ་2006ལོའི་མི་ཐེངས་ཁྲི་648.2དང་ཏུན་ཁྲི་2491ནས་2015ལོའི་མི་ཐེངས་ཁྲི་2338.4དང་ཏུན་ཁྲི་4404.9བར་དུ་འཕར་ནས་ལོ་རེའི་འཕར་ཚད་15.3%དང་6.5%སོ་སོར་ཟིན་ཅིང་།

    དེ་དག་ལས་རིམ་རྩིས་བརྒྱབ་ན་བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་1800.6དང་དངོས་ཟོག་ཏུན་ཁྲི་3192.7ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ཐིག་ཧྲིལ་པོར་སྤྱི་ལེ་1956ཡོད་པའི་མཚོ་བོད་ལྕགས་ལམ་རྒྱུད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་ཟིན་པའི་ལམ་དུམ་སྤྱི་ལེ་960ལྷག་ཙམ་དང་འཁྱགས་ས་བརྒལ་དགོས་པ་སྤྱི་ལེ་550ལྷག་ཙམ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཤོས་ལ་སྨི་5072ཡོད་ལ། དེ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་དང་། ས་མཐོའི་ལམ་ཐག་རིང་ཤོས། ལམ་རྒྱུད་ཀྱི་ཁོར་ཡུག་ཞན་ཤོས་བཅས་ཀྱི་ལྕགས་ལམ་ཞིག་ཡིན་པས“འཛམ་གླིང་ཡང་རྩེའི་ངར་ལྕགས་ལམ་ཆེན”ཞེས་ཀྱང་འབོད་ཀྱི་ཡོད་པ་རེད། མཚོ་བོད་ལྕགས་ལམ་གྱི་སྣེ་ནས་སྲིངས་པའི་ལམ་ཐིག་ཅིག་ཡིན་པའི་ཆ་ནས། ལྷ་གཞིས་ལྕགས་ལམ་དེ་ཡང་2014ལོའི་ཟླ་8ཚེས་16ཉིན་ཤར་གཏོང་ཐུབ་ཅིང་། དེ་ལ“གངས་ལྗོངས་ཀྱི་མཁའ་ལམ་གསར་པ”ཞེས་འབོད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།