[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>གསར་འགྱུར་གསར་ཤོས།
  • མཚོ་བོད་ལྕགས་ལམ་ཐོག་ནས་མཐོང་བའི་བགྲང་བྱ་བཅུའི་འཕོ་འགྱུར།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-25

    295024_yis_1466736838662_s.jpg

    མེ་འཁོར་Z918ཡི་ལས་དོན་པས་འགྲུལ་པར་རྡོག་ཁྲེས་བླུག་རོགས་བྱེད་བཞིན་པ།

    295025_yis_1466736839723_s.jpg

    མེ་འཁོར་Z918ཡི་ཟ་ཁང་གི་འགན་འཛིན་པ་ཚུའེ་ཡན་ཧུང(གཡས)གིས་འགྲུལ་པར་ཟ་མ་སྐྱེལ་བཞིན་པ།

    2006ལོའི་ཟླ་7ཚེས་1ཉིན་ཤར་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་ལྷོ་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་བར་ཁྱོན་རིང་ཚད་ལ་སྤྱི་ལེ་1956ཡོད་པའི་མཚོ་བོད་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་ནས་ད་བར་བདེ་འཇགས་ལྡན་པའི་ངང་སྐྱེལ་འདྲེན་བྱས་ནས་བགྲང་བྱ་10འདས་ཤིང་། འགྲོ་ཐེངས་གཅིག་ལ་ཧ་ལམ་ཆུ་ཚོད་22འགོར་བའི་མཚོ་བོད་ལྕགས་ལམ་ནི་ས་ཁུལ་གཉིས་པོའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི“དཔལ་འབྱོར་གྱི་ལམ་ཐིག”ཅིག་ཡིན་ལ། ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བའི“བདེ་སྐྱིད་ཀྱི་ལམ་བུ”ཞིག་ཀྱང་ཡིན།

    ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ལྷ་ས་ནས་རྡོག་ཐོན་གྱིས་ཟི་ལིང་དུ་བསྐྱོད་པའི་མེ་འཁོར་Z918ལ་བསྡད་དེ་ཉིན་གཅིག་གི་མྱོང་ཚོར་བཅར་འདྲི་བྱེད་རིང་ལྕགས་ལམ་རྒྱུད་དུ་བགྲང་བྱ་བཅུའི་རིང་གི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་། ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་གསར་འགོད་པ་ལྷ་སའི་སྣེའུ་ཁུལ་གསར་གྱི་མེ་འཁོར་བབས་ཚུགས་སུ་འབྱོར། དེའི་ཐང་ཆེན་ནས་ལྷ་སའི་ཕྲུ་གུ་ཚོ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གནམ་འཁོར་དུ་རྩེད་འཇོར་རོལ་བཞིན་པ་མཐོང་ཐུབ།

    བགྲང་བྱ་བཅུའི་གོང་འདི་གར་སྣེའུ་གྲོང་ཚོ་ཡིན། མཚོ་བོད་ལྕགས་ལམ་འདིང་འགོ་ཚུགས་པ་ནས་བཟུང་། ལྷ་སའི་མེ་འཁོར་བབས་ཚུགས་དེ་སྣེའུ་གྲོང་ཚོའི་ཞིང་ཁ་ཡོད་སར་འཁེལ། དེ་དུས་འཚོ་ཐབས་ལ་སེམས་ཁྲལ་བྱེད་བཞིན་པའི་ཡུལ་མི་ཚོ་ད་ཆ་མེ་འཁོར་བབས་ཚུགས་ཀྱི་ཉེ་འཁོར་ལ་གླ་པར་འགྲོ་འདོད་ཚེ་གླ་པར་འགྲོ་ཆོག་པ་དང་ཚོང་རྒྱག་འདོད་ཚེ་ཚོང་རྒྱག་ཆོག་གི་ཡོད། མེ་འཁོར་བབས་ཚུགས་སུ་མི་ཚོགས་སྟུག་པས་སྣེའུ་ཁུལ་གསར་དེ་ཚོང་དོན་དང་། ས་ཁང་། ཡུལ་སྐོར་སོགས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཀྱི་ཁུལ་གསར་ཞིག་ཏུ་གྱུར་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་འགྲུལ་པ་མང་པོ་བོད་ལ་ཡུལ་སྐོར་ལ་ཡོང་གི་ཡོད་ཅིང་། གྲངས་གཞི་ལས། 2015ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2018ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་282བྱུང་བ་ནི་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་ལྡབ་1དང་ལྡབ་15སོ་སོར་ཟིན་པ་མངོན་ཡོད།

    ཆུ་ཚོད་8དང་སྐར་མ་50ཡི་ཐོག་མེ་འཁོར་དུས་ཐོག་ཏུ་ཐོན་ཞིང་། མེ་འཁོར་གྱི་འགོ་འཛིན་ཨན་རུང་གིས་མི་བཀོད་སྒྲིག་བྱས་ནས་འཁོར་སྒྲོམ་སྟེང་གི་རྡོག་ཁྲེས་གྲལ་འགྲིག་པོ་བཞག་ཏུ་བཅུག་སྟེ་འགྲུལ་པ་མི་རེ་ངོ་རེར་བདེ་ཐང་ཐོ་འགོད་གཱ་འབྲི་རུ་བཅུག ཨན་རུང་གིས“ད་རེས་མཐོ་སྒང་དུ་བསྐྱོད་རྒྱུ་ཡིན་སྟབས་གློ་བུར་གྱི་གནས་ཚུལ་ཐོན་ཚེ་ལམ་སེང་ཤེས་རྟོགས་ཐུབ་ཆེད་འགྲུལ་པ་མི་རེ་ངོ་རེས་རང་སྒེར་གྱི་བདེ་ཐང་གནས་ཚུལ་ཞིབ་ཕྲ་འབྲི་དགོས་པ་ནི་མེ་འཁོར་ནང་སྡོད་མཁན་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན”ཞེས་བཤད།

    ལྷ་ས་ནས་གོར་མོ་བར་གྱི་མེ་འཁོར་ས་བབ་སྨི་4000ཡན་གྱི་མཐོ་སྒང་དུ་བསྐྱོད་དགོས་སྟབས་མེ་འཁོར་ནང་གསོ་རླུང་བཏང་བས་མེ་གང་བྱུང་སྤར་ཆོག་གི་མེད། རྒྱང་བསྒྲགས་ནས་བོད་རྒྱ་དབྱིན་གསུམ་གྱི་སྐད་ནས་ཡུལ་སྐོར་བར་ལ་དུག་གི་རྐྱེན་པས་མགོ་ན་བ་དང་དབུགས་ཧལ་བ་སོགས་ཡོང་སྲིད་པས་ལུས་པོའི་འགུལ་ཤུགས་ཆེ་དྲགས་རྒྱུ་མེད་པ་དྲན་སྐུལ་བྱེད་པ་དང་། མེ་འཁོར་གྱི་ལས་དོན་པས་འཁོར་སྒྲོམ་སོ་སོའི་ནང་སྐོར་གཡེང་བྱས་ནས་ཉལ་ཁྲིའི་སྟེང་ཡུན་རིང་པོ་ཉལ་བའི་འགྲུལ་པར་ཁོང་ཚོའི་གཟུགས་གཞི་བེད་ཐང་ཡང་སེ་འདྲི་གི་ཡོད།

    ཆུ་ཚོད་12དང་སྐར་མ་20ཙམ་ལ་མེ་འཁོར་ནག་ཆུར་འབྱོར། དེར་རྒྱུག་པའི་ནག་ཆུ་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་གནས་པ་དང་སྔར་ནས་བཟུང་བོད་བྱང་ཐང་གི་གྲོང་རྡལ་གཙོ་བོ་ཞིག་ཡིན་ལ། ཐང་བོད་གནའ་ལམ་ཡང་དེ་བརྒྱུད་ནས་འགྲོ་དགོས་པ་ཡིན།

    མེ་འཁོར་བབས་ཚུགས་སུ་བཀག་རྗེས་གསར་འགོད་པས་ཡར་མར་འཛུལ་སའི་སྒོ་འགྲམ་ལ་ཕྲན་ཙམ་སྡོད་པའི་སྐབས་བབས་ཚུགས་ཀྱི་བྱང་བུའི་ཐོ་ས་བབ་སྨི་4513འཁོད་པ་མཐོང་བྱུང་། བབས་ཚུགས་དང་ཉེ་བར་གནས་པ་ནི་ནག་ཆུའི་ཟོག་འགྲེམས་ལྟེ་གནས་ཡིན། དེར་ཟོག་འགྲེམས་མཛོད་ཁང་སྟར་པ་དང་སྟར་པ་་བརྒྱབ་ཡོད་པ་དང་ལས་དོན་པ་འགའ་ཞིག་གིས་མཛོད་ཁང་ནས་དངོས་ཟོག་དབོར་བཞིན་པ་མཐོང་བྱུང་། མཚོ་བོད་མེ་འཁོར་ཤར་གཏོང་ཐུབ་རྗེས་དེ་གར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་དེང་རབས་ཀྱི་ཕྱོགས་བསྡུས་ཟོག་འགྲེམས་ལྟེ་གནས་ཤིག་ཏུ་གྱུར།

    ནག་ཆུའི་ཟོག་འགྲེམས་ལྟེ་གནས་ཀྱིས་མཚོ་བོད་ལྕགས་ལམ་ལ་བརྟེན་ནས་བོད་ཀྱི་ལྷ་ས་དང་། ཆབ་མདོ། མངའ་རིས། སི་ཁྲོན། ཡུན་ནན་སོགས་ས་ཆ་ཁག་གཅིག་ལ་ཁྱབ་འགྱེད་ཐུབ་ཡོད། སྔོན་མ་ནག་ཆུར་འབྲོག་པའི་སྦྲ་གུར་བཅུ་གྲངས་ཁ་ཤས་དང་དམག་མི་སྡོད་སའི་ལྕགས་ཤོག་ཁང་པ་བཅུ་ཕྲག་འགའ་ལས་མེད་སྟབས“ལྕགས་ཤོག་གི་གྲོང་རྡལ་ཆུང་ངུ”ཞེས་འབོད་ཀྱི་ཡོད། ད་ཆ་མེ་འཁོར་ཤར་གཏོང་ཐུབ་པ་དེས་ནག་ཆུ་དེ་དེང་རབས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར།

    ལོ་58ལ་སླེབས་པའི་དར་རྒྱས་བཟང་པོས་ངའི་བུ་ལྷ་སར་སྤྱི་སྤྱོད་རླངས་འཁོར་གཏོང་གི་ཡོད། ལྷ་ས་ནས་ཟླ་རེར་ཐེངས་མ་གཉིས་ཡོང་གི་ཡོད། སྔོན་མ་ནག་ཆུ་ནས་ལྷ་སར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་ཉིན་1འགོར་ནའང་ད་ཆ་ཆུ་ཚོད་4ཡི་ནང་སླེབས་ཀྱི་ཡོད་ཅེས་བཤད་བྱུང་།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ལྕགས་ལམ་རྒྱུད་ལ་སྲོག་ཆགས་གནས་སྤོའི་བགྲོད་ལམ་ཆེད་མངགས་བཟོས་ཡོད་པ་མ་ཟད། མེ་འཁོར་ནང་ལའང་སྒེའུ་ཁུང་སོགས་ཚང་མ་བཀག་ནས་ཕྱེ་ས་མེད་པ་བཟོས་སྟབས་ཕྱིར་གད་སྙིགས་གཡུགས་ཏེ་བཙོག་སྐྱོན་བཟོ་བའི་སྣང་ཚུལ་ཐོན་གྱི་མེད། གསར་འགོད་པས་མེ་འཁོར་གྱི་སྒེའུ་ཁུང་ནས་ཕྱིར་ལྟ་སྐབས་ལྕགས་ལམ་གྱི་གཞོགས་གཡས་གཡོན་ལ་གཙོད་དང་རྐྱང་སོགས་བག་ཕེབས་ངང་རྩྭ་བཟའ་བཞིན་པ་མཐོང་བྱུང་། “ལོ་བཅུའི་གོང་མཚོ་བོད་མེ་འཁོར་ཐོག་མར་ཤར་གཏོང་ཐུབ་པའི་དུས་དང་བསྡུར་ཚེ་ད་ཆ་ལམ་རྒྱུད་དུ་ལ་གཙོད་དང་། རྐྱང་། དགོ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ཆེས་ཆེར་མང་དུ་སོང་བ་དང་ཆབས་ཅིག་དེ་དག་ཀྱང་མེ་འཁོར་ཡོང་སྐབས་སྐྲག་སྣང་མེད་པར་སྡོད་ཀྱི་འདུག”ཅེས་མེ་འཁོར་གྱི་འགན་འཛིན་ཨན་རུང་གིས་སྒེའུ་ཁུང་ཕྱིར་མཛུབ་མོ་འཛུགས་བཞིན་དུ་དེ་ལྟར་བཤད།

    དགོང་མོའི་ཆུ་ཚོད་24ལ་སླེབས་མཚམས་མུན་ནག་ཁྲོད་ནས་གློག་འོད་ཆེམ་ཆེམ་འཕྲོ་བ་དེས་མི་རྣམས་ལ་མཚོ་བོད་ལྕགས་ལམ་གྱི་བབས་ཚུགས་གཙོ་བོ་གོར་མོ་གྲོང་ཁྱེར་ལ་འབྱོར་པའི་བརྡ་གཏོང་བ་དང་གཉིས་སུ་མ་ མཆིས།

    གོར་མོ་ནི་མཚོ་སྔོན་ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བསྡོམས་རྩིས་ལ་གཞིགས་ན། 2005ལོ་ནས་2015ལོ་བར་མཚོ་སྔོན་ཞིང་ཆེན་གྱི་GDPསྒོར་དུང་ཕྱུར་641.05ནས་སྒོར་དུང་ཕྱུར་2417.05བར་མང་དུ་སོང་ཡོད།

    ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་མེ་འཁོར་མཚོ་བོད་ས་མཐོའི་ནུབ་བྱང་མཚམས་ཀྱི་ཟི་ལིང་གྲོང་ཁྱེར་དུ་འབྱོར། སྒེའུ་ཁུང་ནས་ཕྱིར་ལྟ་སྐབས་ས་མཐོའི་སྐྱ་ཐེར་ཐེར་ལྟ་བུ་མ་ཡིན་པར་ཆར་སིམ་ཁྲོད་ལྗོན་པ་སྔོན་པོ་ཚར་དུ་དངར་བ་དང་ཐོག་བརྩེགས་ཁང་པ་མང་པོ་མིག་ལམ་དུ་མངོན། ཨན་རུང་གིས་ཟི་ལིང་ཉེ་འཁོར་ལ་སྐུ་འབུམ་བྱམས་པ་གླིང་དང་མཚོ་སྔོན་པོ་སོགས་ཡོད་པར་བརྟེན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དེར་འོང་བས་མི་ཚོགས་སྟུག་པོར་གྱུར་སྟབས་སྔོན་མ་ཟི་ལིང་ལ་བབས་ཚུགས་3གསུམ་ལས་མེད་པ་ད་ཆ་9ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    2015ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.4ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་248.03བྱུང་བ་དེ་མཚོ་བོད་མེ་འཁོར་ཤར་གཏོང་མ་ཐུབ་གོང་གི་ལྡབ་3.6དང་ལྡབ་7.3སོ་སོར་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།