[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>ཕྱོགས་བསྡུས་གསར་འགྱུར།
  • མཚོ་བོད་ལྕགས་ལམ་བཟོས་སོང་། དཔལ་འབྱོར་གོང་དུ་འཕེལ་སོང་།

    —— རིན་སྤུངས་རྫོང་གིས་མཚོ་བོད་ལྕགས་ལམ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བའི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-27

    ཕྱུག་པོ་ཆགས་བསམས་ན་སྔོན་ལ་ལམ་བཟོ་དགོས། འགྲིམ་འགྲུལ་ཆ་རྐྱེན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་བོད་ཀྱི་ངོས་ནས་བརྗོད་ན། མཚོ་བོད་ལྕགས་ལམ་དང་ལྷག་དོན་དུ་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་ནི་བཀྲ་ཤིས་པའི་བྱ་བ་ཞིག་རེད། འདི་ལོ་ནི་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་ལོ་ཡིན་པ་དང་། ངོ་མཚར་ཆེ་བའི་མཁའ་ལམ་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་ཐོན་དང་འཐོན་མུས་ལགས།

    རིན་སྤུངས་རྫོང་ནི་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་བར་ལ་ཆགས་ཡོད། 2014ལོར་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ཅིང་། རིན་སྤུངས་མངའ་ཁོངས་སུ་ལྕགས་ལམ་རིང་ཚད་སྤྱི་ལེ་44.7ཙམ་བཏིངས་ཡོད་པ་མ་ཟད། ད་དུང་བབས་ཚུགས་ཤིག་ཀྱང་བཀོད་སྒྲིག་བྱས་ཡོད་པས། རིན་སྤུངས་རྫོང་གི་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    རིན་སྤུངས་རྫོང་དུ་ལོ་20ཙམ་ལས་ཀ་བྱེད་མྱོང་བའི་ཏེང་པང་རེན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་སྟེ། ཁོང་གིས“དེ་སྔ་རིན་སྤུངས་རྫོང་གི་འགྲིམ་འགྲུལ་སྟབས་བདེ་མེད་སྟབས། ཕྱིར་སྐྱོད་སྐབས་རླངས་འཁོར་ཁོ་ནར་རྟེན་དགོས་ཀྱི་ཡོད། ད་ཆ་རིན་སྤུངས་རྫོང་གི་ལས་བྱེད་མང་ཚོགས་ལྷ་ས་དང་གཞིས་རྩེར་འགྲོ་སྐབས་ཐོག་མར་མེ་འཁོར་དུ་སྡོད་འདོད་བྱེད་ཀྱི་ཡོད། དེར་མ་ཟད་ད་ཆ་འདི་གར་ཡུལ་སྐོར་བ་ཡང་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་འདུག”ཅེས་བཤད།

    ལྷ་གཞིས་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་། རིན་སྤུངས་རྫོང་གི་འགྲིམ་འགྲུལ་སྒྲིག་ཆས་ཞན་ཙམ་ཡོད་སྟབས། རིན་སྤུངས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཚོད་འཛིན་ནན་པོ་ཕོག་པ་དང་། རྒྱལ་དམངས་དཔལ་འབྱོར་དང་ལྷག་དོན་དུ་དེང་རབས་བཟོ་ལས་འཕེལ་རྒྱས་འགྲོ་འགོར་པོ་ཡོད། ད་དུང་ཟོག་འགྲེམས་མ་ལག་རྗེས་ལུས་ཡིན་པའི་དབང་གིས་དེ་གའི་ཐོན་སྐྱེད་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། འོན་ཀྱང་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས། རིན་སྤུངས་རྫོང་གི་ཡུན་རིང་ཞིང་འབྲོག་དཔལ་འབྱོར་གཙོར་བཟུང་གི་བཀག་སྡོམ་རྣམ་པ་མཇུག་འགྲིལ་བ་དང་། དཔལ་འབྱོར་ཡངས་ཤིང་རྒྱ་ཆེ་བའི་ནང་སའི་ཁྲོམ་རར་ཞུགས་རྒྱུར་སྐུལ་མ་ཐེབས་ནས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྔར་བས་སྐུལ་མ་ཐེབས་ཡོད།

    རིན་སྤུངས་རྫོང་གི་རྫོང་དཔོན་ཚེ་རིང་དོན་གྲུབ་ཀྱིས“ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས། 2015ལོར་རིན་སྤུངས་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.59ཟིན་པ་དེ་དུས་མཚུངས་ལས་24.46%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་6.05ཟིན་པ་དེ་དུས་མཚུངས་ལས་58.5%འཕར་ཡོད”ཅེས་བཤད།

    ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ལམ་རྒྱུད་ཀྱི་གྲོང་ཁྱེར་དབར་གྱི་བར་ཐག་ཐུང་དུ་ཕྱིན་པ་དང་། མང་ཚོགས་ཀྱི་ལས་དོན་དང་འཚོ་བའི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་པ། མང་ཚོགས་ཀྱི་འཚོ་བའི་ལྟ་བ་དང་གོམས་གཤིས་ལ་འགྱུར་ལྡོག་བྱུང་བ། མཐའ་འཁོར་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་ཕྱིན་པ་བཅས་རེད། དེ་དང་དུས་མཚུངས་རིན་སྤུངས་རྫོང་གི་མི་སྣ་དང་དཔལ་འབྱོར་སྤེལ་རེས་ལ་སྟབས་བདེ་དང་མྱུར་སྒྲུབ་ཞབས་ཞུ་མཁོ་འདོན་བྱས་ཏེ། རིན་སྤུངས་རྫོང་གི་མང་ཚོགས་འགྲོ་སྐྱོད་ཐད་གདམ་ག་བྱེད་ས་མང་དུ་བཏང་བ་དང་མང་ཚོགས་ཀྱི་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། གཉེན་འཕྲད་བཅས་ལ་སྟབས་བདེ་བསྐྲུན་པ་མ་ཟད། གྲོང་ཁྱེར་གཞི་གཅིག་ཅན་དུ་འགྱུར་ཚད་མངོན་གསལ་དོད་དུ་ཕྱིན་ཐོག ཡུལ་སྐོར་ཚོང་དོན་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    བོད་ལྗོངས་རིན་སྤུངས་རྫོང་རྟ་ར་འོག་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཉི་མ་ཚེ་རིང་གིས“ང་ཚོའི་ནས་ཆང་ཉོ་མཁན་མང་བས། ཁྲོམ་རའི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མི་འདུག རྒྱུན་དུ་ནས་ཆང་མང་ཆེ་བ་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་དུ་གཏོང་གི་ཡོད་མོད། འོན་ཀྱང་ལམ་གྲོན་དང་སྐྱེལ་འདྲེན་ནུས་པ་སོགས་ཀྱིས་རྐྱེན་པས་ང་ཚོས་རྒྱལ་ཡོངས་ཀྱི་ཁྲོམ་རར་ཚོང་ཟོག་གཏོང་གི་མེད། ད་ཆ་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་གྱི་འགན་ལེན་ཡོད་པ་དང་ལམ་གྲོན་ཆག་སྟབས། ང་ཚོས་རྟ་ར་འོག་གི་ནས་ཆང་རྒྱལ་ཡོངས་ས་གནས་ཁག་ཏུ་འཚོང་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།

    ཚེ་རིང་དོན་གྲུབ་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན“ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པས། རིན་སྤུངས་རྫོང་གི་དེང་རབས་སྣོད་བཅུད་བཟོ་ལས་གླིང་སྔར་བས་འཕེལ་རྒྱས་ཕྱིན་པ་དང་། བཟོ་ལས་གླིང་གི་ནུས་པ་དང་བཀོད་པ་འཐུས་སྒོ་ཚང་དུ་ཕྱིན་པ། བཟོ་ལས་གླིང་གི་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་ཕྱིན་ནས། བཟོ་ལས་གླིང་གི་མ་བཅོས་རྒྱུ་ཆ་འཐེན་ཐུབ་པ་དང་། ཁྱད་ལྡན་ཐོན་རྫས་འཚོང་ཐུབ་པ་བྱུང་ཡོད་ལ། ཁེ་ལས་མི་ཉུང་བ་ཞིག་རང་རྫོང་གི་བཟོ་ལས་གླིང་དུ་བཟོ་གྲྭ་འཛུགས་པར་ཡོང་བའི་ཡིད་དབང་འགུག་ཐུབ་ཡོད། མ་འོངས་ལ་རྒྱང་ལྟ་བྱས་ཚེ། ཡུལ་སྐོར་བ་མང་དུ་འགྲོ་བ་དང་བཟོ་ལས་གླིང་གི་ཐོན་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས། མི་རིང་བར་འགྲིམ་འགྲུལ་གྱི་སྟབས་བདེ་དེ་ཉིད་ང་ཚོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ལེགས་ཆར་འགྱུར་སྲིད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།