[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>ཕྱོགས་བསྡུས་གསར་འགྱུར།
  • མཚོ་བོད་ལྕགས་ལམ“དྲ་རྒྱའི་དུས་རབས”ཀྱི“སྐུལ་སློང་དུང་བརྡ”བསྒྲགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-29

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ལྕགས་ལམ“འཛམ་གླིང་ཡང་རྩེའི”ཐོག་བདེ་འཇགས་འཁོར་སྐྱོད་སྐྱེལ་འདྲེན་བྱས་ནས་ལོ་10སོང་ཚུན་ལམ་རྒྱུད་ཀྱི་ཟི་ལིང་དང་། གོར་མོ། ལྷ་ས་སོགས་གྲོང་ཁྱེར་ལ་དམིགས་ནས་ས་མཐོའི་ལྕགས་ལམ་རྒྱུན་ཆད་མེད་པར་ཕྱི་རོལ་དུ་སྣུར་བསྲིང་བྱས་ཏེ་བཀོད་སྒྲིག་ལུགས་མཐུན་གྱི“ལྕགས་ལམ་དྲ་རྒྱ”ཞིག་རགས་ཙམ་ཆགས་ནས་མཚོ་བོད་ས་མཐོ་དང་མེས་རྒྱལ་ནང་ས་ཙམ་མ་ཟད། ཐ་ན་འཛམ་གླིང་དང་བར་ཐག་ཉེ་རུ་ཕྱིན་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་ཀུང་སིའི་འཆར་གཞི་བསྡོམས་རྩིས་པུའི་ཀྲུའུ་རེན་དབྱང་ཧའེ་ཅང་གིས་མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱས་ཚུན་གྱི་ལོ་10ནི་མཚོ་བོད་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་ཤོས་ཀྱི་ལོ་10རེད་ཅེས་བརྗོད་ཀྱི་འདུག

    2014ལོའི་ཟླ་8པར་མཚོ་བོད་ལྕགས་ལམ་གྱི་སྣུར་བསྲིང་ལམ་ཐིག་ཡིན་པའི་ལྷ་གཞིས་ལྕགས་ལམ(ལྷ་ས་ནས་གཞིས་རྩེ་བར)ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པས་བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་ནུབ་རྒྱུད་དང་དབུས་རྒྱུད་ས་ཁུལ་ལ་ཁྱབ་འགྱེད་ཐུབ་པ་དང་། རྒྱ་གར་དང་ཨེ་ཤེ་ཡ་ལྷོ་མར་ཤར་བགྲོད་ཐུབ་པའི་ཟོག་འདྲེན་འདུ་འགྲེམས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་ཡིན་པའི་ལྷ་ས་དང་གཞིས་རྩེ་གཉིས་སྦྲེལ་མཐུད་ཐུབ་ནས་ལམ་ཐག་དུས་ཚོད་དེ་སྔའི་གཞུང་ལམ་སྐྱེལ་འདྲེན་གྱི་ཆུ་ཚོད་6ནས་ད་ཆའི་ལྕགས་ལམ་སྐྱེལ་འདྲེན་གྱི་ཆུ་ཚོད་2དང་སྐར་མ་59བར་ཐུང་དུ་ཕྱིན་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཡུན་རིང་རེ་སྒུག་བྱས་པའི“ལྕགས་ལམ་ཕུགས་འདུན”མངོན་འགྱུར་བྱུང་ཡོད་པ་རེད།

    ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་མི་དེ་བས་མང་བ་ཞིག་གིས་སྐྱིད་སྣང་དོད་ལ་བདེ་འཇགས་ལྡན་པ་དང་རིན་གོང་ཁེ་ལ་མགྱོགས་པའི་མེ་འཁོར་ལ་སྡོད་རྒྱུ་བདམས་ཤིང་། སྔ་དྲོ་ལྷ་སར་མཆོད་མཇལ་དང་སྐོར་བར་ཡོང་བའམ་ཡང་ན་དོན་དག་སྒྲུབ་པར་ཡོང་བ་དང་དགོང་མོ་གཞིས་རྩེར་ནང་མི་དང་མཉམ་དུ་དགོང་ཟས་བཟའ་རྒྱུ་དེ་དོན་དངོས་སུ་གྱུར་ཡོད་པ་རེད།

    2014ལོའི་ཟླ་12པར་ལན་ཤིན་ལྕགས་ལམ་བསྐྲུན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པས་མཚོ་སྔོན་དེ་ཉིད་ཤར་རྒྱུད་དང་ནུབ་རྒྱུད་སྦྲེལ་མཐུད་དང་། ལྷོ་ནུབ་དང་ནུབ་བྱང་སྦྲེལ་མཐུད། ནང་ས་དང་མཐའ་མཚམས་སྦྲེལ་མཐུད་བཅས་ཀྱི་འགྲིམ་འགྲུལ་ལྟེ་གནས་ཤིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཚྭ་འདམ་གཤོང་སའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་ལྕགས་ལམ་དང་སྦྲེལ་མཐུད་ཐུབ་པའི་ས་གནས་ཀྱི་ལྕགས་ལམ་བཞི་སྔ་རྗེས་སུ་བསྐྲུན་ཡོད་པ་རེད།

    དབྱང་ཧའེ་ཅང་གིས“མིག་སྔར་མཚོ་བོད་ལྕགས་ལམ་ཀུང་སིའི་དོ་དམ་བྱེད་ཁོངས་སུ་ཚུད་པའི་སྐྱེལ་འདྲེན་ལྕགས་ལམ་གྲས་སུ་ལན་མཚོ་ལྕགས་ལམ་དང་། མཚོ་བོད་ལྕགས་ལམ། ལྷ་གཞིས་ལྕགས་ལམ། ལན་ཤིན་ལྕགས་ལམ་བཅས་དང་དེ་བཞིན་ས་གནས་ལྕགས་ལམ་གྱི་ཆེད་སྤྱོད་ལྕགས་ལམ་ལམ་ཐིག་བཅས་ཡོད་པར་སྐྱེལ་འདྲེན་ལམ་ཐག་རིང་ཚད་བསྡོམས་འབོར་སྤྱི་ལེ་3035ཟིན་ཡོད”ཅེས་བརྗོད་ཀྱི་འདུག

    མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་གཏིང་ཤུགས་དང་ཁྱབ་འགྱེད་ནུས་པ་སྔོག་འདོན་གང་ལེགས་ཐུབ་པ་བྱ་ཆེད་ལོ་10ཡི་རིང་མཚོ་བོད་ལྕགས་ལམ་ཀུང་སིས་ལན་མཚོ་ལྕགས་ལམ་གྱི་ལམ་ཐིག་གཉིས་པ་དང་དེའི་གློག་ཤུགས་ཅན་གྱི་སྒྱུར་བཀོད་ལས་གྲྭ་དང་། མཚོ་བོད་ལྕགས་ལམ་ནུབ་གོར་མོ་དུམ་བུའི་ལམ་ཐིག་གཉིས་པ་དང་དེའི་གློག་ཤུགས་ཅན་གྱི་སྒྱུར་བཀོད་ལས་གྲྭ ཟི་ལིང་བབས་ཚུགས་སྒྱུར་བཀོད་ལས་གྲྭ ནག་ཆུ་ཟོག་འགྲེམས་ལྟེ་གནས་ཀྱི་ལས་གྲྭ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་ལག་རྩལ་རིམ་སྤོར་དང་ནུས་པ་རྒྱ་ཆེར་བཏང་བ་བརྒྱུད་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་སྐྱེལ་འདྲེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་ལ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཀྱང་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་པ་ཀྲང་ཅན་ཀྲུང་གིས་བསྐྲུན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་རྣམ་གྲངས་ཕུད། ད་དུང་མཚོ་བོད་ལྕགས་ལམ“ལྟེ་བར”བྱས་ནས་གོར་མོ་ནས་ཏུན་ཧོང་བར་དང་། གོར་མོ་ནས་ཁུར་ལེ་བར་གྱི་ལྕགས་ལམ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བཅས་མིག་སྔར་མགྱོགས་མྱུར་སྐྲུན་བཞིན་ཡོད། དེས་མ་ཚད་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ཡང་འདི་ལོའི་ནང་ཚུན་དུ་སྐྲུན་འགོ་ཚུགས་རེ་ཡོད། གཞན་ཡང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ད་དུང་ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་གཡག་རྔ་བར་གྱི་ལྕགས་ལམ་དུམ་བུ་སྐྲུན་འགོ་འཛུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

    གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་དང་ལན་ཤིན་ལྕགས་ལམ་གྱི་ལྕགས་ལམ་གཙོ་བོ་གཉིས་ཀྱི་སྦྲེལ་མཐུད་ལྕགས་ལམ་གལ་ཆེན་ཞིག་ཡིན་པ་དང་། དེ་བསྐྲུན་རྗེས་ལན་མཚོ་ལྕགས་ལམ་དང་། ལན་ཤིན་ལྕགས་ལམ། མཚོ་བོད་ལྕགས་ལམ་བཅས་དང་མཚོ་བོད་ས་མཐོའི་སྐོར་སྐྱོད་ལྕགས་ལམ་དྲ་རྒྱ་དང་པོ་དེ་ཆགས་རྒྱུ་དང་། ལྷ་ཉིང་ལྕགས་ལམ་ནི་དུས་འབྲིང་རིམ་གྱི་ལྕགས་ལམ་འཆར་འགོད་ཁྲོད་ཀྱི་ཁྲོན་བོད་ལྕགས་ལམ་དང་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་ལྗོངས་དང་། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། ཀྲུང་ཧྭ་དབུས་རྒྱུད་བཅས་ཀྱི་འགྲུལ་སྐྱེལ་དོས་སྐྱེལ་གྱི་བགྲོད་ལམ་གཙོ་བོ་ཞིག་ཡིན་པ་རེད།མི་རྣམས་དགའ་འོས་པ་ཞིག་ལ་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་ཁྲོན་བོད་ལྕགས་ལམ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ནང་བཅུག་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་བསྐྲུན་རྗེས་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་སྐྱེལ་འདྲེན་དུས་ཚོད་མིག་སྔའི་ཆུ་ཚོད་48ནས་ཆུ་ཚོད་13ཙམ་བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།

    གཞན་ཡང་། གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་། ཟི་ལིང་ནས་ཡུལ་ཤུལ་དང་། ཆབ་མདོ། ཁུན་མིང་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱང《རྒྱལ་ཁབ་ཀྱི་དུས་འབྲིང་རིམ་གྱི་ལྕགས་ལམ་དྲ་རྒྱའི་འཆར་འགོད》ནང་བཅུག་ཡོད་པ་དང་། ལྕགས་ལམ་དུམ་བུ་དེ་དག་བསྐྲུན་རྗེས་མཚོ་བོད་ས་མཐོ་ཕྱི་ཕྱོགས་སུ་ཁྱབ་འགྱེད་ཐུབ་པའི་ནུབ་རྒྱུད་ལྕགས་ལམ་དྲ་རྒྱའི་ཁྱབ་ཚུལ་དེ་བས་ལུགས་མཐུན་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུ་ཡིན་པ་རེད།

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཧོ་ཀང་གིས“མིག་སྔར་རྒྱལ་ཡོངས་ཀྱི་ཐོན་ལས་ཤར་ནས་ནུབ་བར་རིམ་གྱིས་གཞན་སྒྱུར་བྱེད་བཞིན་ཡོད། འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་རྗེས་ཐོན་ལེགས་ཆ་རིམ་བཞིན་མངོན་འགོ་ཚུགས་ནས་ཚོང་པ་དང་རྒྱལ་ནང་གྱི་ཁེ་ལས་དེ་བས་མང་བ་ཞིག་གིས་མ་འཇོག་བྱ་ཡུལ་ཀྲུང་གོའི་དབུས་ཤར་རྒྱུད་ནས་འཛམ་གླིང་ཡང་རྩེའི་བོད་ལྗོངས་སུ་བསྒྱུར་ཡོད”ཅེས་ཤོད་ཀྱི་འདུག

    ཧོ་ཀང་གིས་བོད་ལ་ཐུན་མོང་མ་ཡིན་པའི་ལེགས་ཆའི་ཐོན་ཁུངས་དང་། ཡིད་དབང་འཕྲོག་པའི་སྲིད་ཇུས་ཀྱི་གཟིགས་སྐྱོང་། ཁྲོམ་རའི་མདུན་ལམ་བཅས་ལྡན་ཡོད་པས། ལྕགས་ལམ་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་གངས་ལྗོངས་ས་མཐོར་རེས་སྐོར་གསར་པའི་མ་འཇོག་ཚ་རླབས་དེ་བས་ཆེ་བ་འཕྱུར་རྒྱུ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་རེ་བ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།