[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>དཔྱད་གཏམ།
  • འཕེལ་རྒྱས་དང་བརྟན་ལྷིང་གི“ཚེ་སྲོག་ལམ་བུ”

    ​ ——མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་སྒྲིལ་གླེང་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-07

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་དང་། “འོབས་དོང”རྣམས་ཐང་སྡེར་དུ་གྱུར་པ་དང“འགག་མདོ”རྣམས་ཤར་གཏོང་ཐུབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི“རྩ་ལམ”བཤངས་སྟབས“མཁའ་ལམ”དེ་ནི་མིང་དོན་མཚུངས་པའི་འཕེལ་རྒྱས་དང་བརྟན་ལྷིང་གི་འཕར་རྩ་ཞིག་ཏུ་གྱུར་ཡོད།

    འཕྲལ་སྡོམ་འགན་ལེན་གྱི“ཚེ་སྲོག་ལམ་བུ”

    2008ལོའི་ཟླ་5ཚེས་19ཉིན་འབྲས་དང་། གྲོ་ཞིབ། རྩམ་པ། གཏེར་ཆུ། བོད་སྨན་སོགས་ཡོམ་འགོག་གེགས་སེལ་དངོས་ཟོག་བླུགས་པའི་མེ་འཁོར་ཞིག་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་བ་དང་གཅེས་སེམས་ཟབ་མོ་དང་སྦྲགས། མཚོ་བོད་ལྕགས་ལམ་བརྒྱུད་དབུན་ཁྲོན་ས་ཡོམ་གེགས་ཁུལ་དུ་འབྱོར།

    དེ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་གེགས་སྐྱོབ་དངོས་ཟོག་དབོར་ཐེངས་དང་པོ་དེ་ཡིན་པ་རེད།

    2008ལོའི་ཟླ་10ཚེས་6ཉིན་འདམ་གཞུང་རྫོང་རྒྱས་དར་ཤང་དུ་ས་ཡོམ་རིམ་པ་6.6བརྒྱབ་ཅིང་། ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་དམངས་སྲིད་པུའི་གེགས་སེལ་སིས་ཉིང་ཞ་དམངས་སྲིད་ཐིང་ལ་ས་ཡོམ་ཐོན་ཁུལ་དུ་ཛ་དྲག་ངང་གེགས་སེལ་ཆེད་སྤྱོད་འཆིང་གུར་གཏོང་སྤྲོད་བྱེད་དགོས་པའི་མཛུབ་སྟོན་བྱས། ཟླ་10ཚེས་7ཉིན་གེགས་སེལ་འཆིང་གུར་བླུགས་པའི་མེ་འཁོར་དབྱིན་ཁྲོན་བབས་ཚུགས་ནས་ཐོན་པ་དང་འབྲེལ་ཟླ་10ཚེས་11ཉིན་བདེ་འཇགས་ངང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་འབྱོར།

    2015ལོའི་ཟླ་4ཚེས་28ཉིན། “4·25”ས་ཡོམ་ཐོན་ནས་ཉིན་གསུམ་སོང་མཚམས་སུ་གུར་དང་། བཟའ་བཅའ། རླངས་སྣུམ། ཁྲའེ་ཡིའུ་སྣུམ། འཛུགས་སྐྲུན་རྒྱུ་ཆ་བཅས་བླུགས་པའི་གེགས་སེལ་དངོས་ཟོག་ཆེད་སྤྱོད་མེ་འཁོར་ཐོག་མ་དེ་ལྷ་སའི་ནུབ་ཚུགས་སུ་འབྱོར།

    བོད་ཀྱི་ས་ཆའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱད་ཆ་གཅིག་ལྷག་ཟིན་པ་དང་རང་བྱུང་གནོད་འཚེ་ཐོན་མང་བའི་ཞིང་ལྗོངས་ཀྱི་གྲས་ཤིག་ཡིན་ཞིང་།རང་བྱུང་གནོད་འཚེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། བོད་དེ་ཉིད་འབར་མ་དང་། རྒྱ་གར། འབྲུག་ཡུལ། ནེ་པ་ལ་སོགས་རྒྱལ་ཁབ་དང་འབྲེལ་ཡོད་པས་མཐའ་མཚམས་ས་ཐིག་རིང་བ་དང་། མཐའ་མཚམས་རྫོང་མང་བ། མཐའ་མཚམས་བགྲོད་ལམ་མང་བ་བཅས་ཡོད་པ་དེ་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་དང་། རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། མེས་རྒྱལ་གཅིག་གྱུར་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་ཤོས་ཀྱང་ཡིན།

    མཚོ་བོད་ལྕགས་ལམ་བདེ་འཇགས་ངང་འཁོར་རྒྱུག་བྱས་པ་དེས་དམངས་འཚོ་ལེགས་གཏོང་དང་། མཐའ་སྐྱོང་བོད་བརྟན། ལྷོ་ནུབ་མཐའ་མཚམས་སྲ་བརྟན་བཅས་ཀྱི་ཐད་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་ཐུབ་ཀྱི་ཡོད།

    ལོ་10ཡི་རིང་། མཚོ་བོད་ལྕགས་ལམ་གྱིས“ཚེ་སྲོག་ལྟ་བུའི་སྐྱེལ་འདྲེན”ལས་འགན་ཡང་ནས་ཡང་དུ་འཁུར་ནས་བོད་དང་རྒྱལ་ཡོངས་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་གྱི་བར་ཐག་རྒྱུན་ཆད་མེད་པར་ཉེ་རུ་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དེ་བས་ཟབ་མོ་ཚོར་ཐུབ་པ་བྱས་པ་དང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་དེ་མེས་རྒྱལ་དར་རྒྱས་གོང་འཕེལ་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་བས་གཏིང་ཟབ་ཚོར་ཐུབ་པ་བྱས་ཡོད།

    བདེ་སྐྱིད་ལྡན་པའི“ཚེ་སྲོག་ལམ་བུ”འབྲེལ་མཐུད་བྱས་པ།

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་དངོས་ཟོག་སྐྱེལ་འདྲེན་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། བོད་ཀྱི་དངོས་ཟོག་75%ལྕགས་ལམ་བརྒྱུད་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་ནི་རླངས་འཁོར་གྱི་སྐྱེལ་འདྲེན་ནུས་པའི་ལྡབ་40ལྷག་ཙམ་ཡིན། བོད་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་ཕྱེད་ཀ་ཙམ་ཆག་ཡོད།

    སྤུས་ཚད་ལེགས་ཤིང་གོང་ཁེ་བའི་ཚོང་ཟོག་འབོར་ཆེན་ཞིག་མེ་འཁོར་བརྒྱུད་བོད་དུ་དབོར་འདྲེན་བྱེད་ཀྱི་ཡོད་པས་འབྲུ་རིགས་དང་། སྔོ་ཚལ། ཀྭ་རིགས་དང་ཤིང་ཏོག འབུད་རྫས་སོགས་འཚོ་བའི་མཁོ་ཆས་དང་འཁྱགས་སྒམ་དང་། ཚོན་ཁྲ་ཅན་གྱི་བརྙན་འཕྲིན། གོས་འཁྲུ་འཕྲུལ་འཁོར་སོགས་ཀྱི་རིན་གོང་ཆག་པ་དང་། བོད་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་འབུད་རྫས་དང་བཟའ་འཐུང་འཛད་སྤྱོད་གྲུབ་ཆ་ལེགས་གཏོང་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཐེབས་པ་དང་དུས་མཚུངས་ཡུལ་མིའི་འཛད་སྤྱོད་གཏོང་སྒོ་ཉུང་དུ་ཕྱིན་པ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད།

    ད་ཆ། མཚོ་བོད་ལྕགས་ལམ་ཀུང་སིས་སྔ་རྗེས་སུ་ཟི་ལིང་ནས་ལྷ་ས་བར་དུ“མཁའ་ལམ་མགྱོགས་འཁོར”དང“མཚོ་བོད་དངོས་ཟོག་མྱུར་འདྲེན”སོགས་དངོས་ཟོག་ཙག་ཙིག་མྱུར་འདྲེན་གྱི་སྤུས་རྟགས་མེ་འཁོར་བཏང་བ་དེས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ཟི་ལིང་དང་། གཏེར་ལེན་ཁ། གོར་མོ། ལྷ་ས། གཞིས་རྩེ་སོགས་ས་ཁུལ་དང་གྲོང་ཁྱེར་5ལ་ཁྱབ་པ་མ་ཟད། དངོས་ཟོག་ཙག་ཙིག་མྱུར་འདྲེན་གྱི་ཁྱབ་རྒྱ་རིམ་བཞིན་ཆེ་རུ་འགྲོ་གི་ཡོད། དངོས་ཟོག་ཙག་ཙིག“མེ་འཁོར་ནང་བླུགས་པའི་ས་ཆ་དང་། མེ་འཁོར་གཏོང་ཐེངས། མེ་འཁོར་འབྱོར་བའི་དུས་ཚོད་བཅས་གཏན་འཁེལ”སོགས་ཀྱི་ཞབས་ཞུ་སྤེལ་ཡོད། 2013ལོ་ནས་2015ལོའི་ལོ་མཇུག་བར། མཚོ་བོད་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་དངོས་ཟོག་ཙག་ཙིག་ཏུན་ཁྲི་2ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། ལམ་རྒྱུད་ཀྱི་སྤྱི་ཚོགས་ཟོག་འགྲེམས་ཁེ་ལས་ལ་བདེ་འཇགས་ལྡན་ལ་སྟབས་བདེ་བ་དང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་གནོད་མེད་ཟོག་འགྲེམས་བགྲོད་ལམ་ཆེན་པོ་ཞིག་བསྐྲུན་ཡོད།

    དུས་ཀྱི་འཁོར་ལོ་རིམ་བཞིན་འདས་ནས་ལོ་10སོང་རིང་། མཚོ་བོད་ལྕགས་ལམ་ཐོག་དངོས་ཟོག་ཏུན་དུང་ཕྱུར་4.44དབོར་འདྲེན་བྱས་ཡོད། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་2006ལོའི་མི་ཁྲི་648.2དང་དངོས་ཟོག་ཏུན་ཁྲི་2491ནས་2015ལོའི་མི་ཁྲི་2338.4དང་དངོས་ཟོག་ཏུན་ཁྲི་4404.9བར་མང་དུ་ཕྱིན་ནས་ལོ་རེའི་འཕར་ཚད་15.3%དང་6.5%འཕར་ཡོད།

    དཔལ་འབྱོར་གྱི“ཚེ་སྲོག་ལམ་བུར”སྐུལ་འདེད་བཏང་བ།

    མཚོ་བོད་ལྕགས་ལམ་གྱིས་མཚོ་བོད་ས་མཐོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་པའི་འགྲིམ་འགྲུལ་གྱི“འཇུར་མིག”མེད་པར་བཟོས་པ་དང་བོད་ཀྱི་ཕྱི་ཕྱོགས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཆེས་ཆེར་བཏང་སྟེ་བོད་དུ“རྒྱུད་གཅིག་ལམ་གཅིག”མགྱོགས་མྱུར་འཛུགས་ཐུབ་པ་དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་འཛུགས་རྒྱུར་སྐྱེལ་འདྲེན་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

    ལོ་བཅུའི་རིང་མཚོ་བོད་ལྕགས་ལམ་གྱི་གོང་ཁེ་བ་དང་། མྱུར་བ། བདེ་འཇགས། གནས་བཟོད་བདེ་བ། སྟབས་བདེ་བ་བཅས་ཀྱི་སྐྱེལ་འདྲེན་ཆ་རྐྱེན་དང་འགན་ལེན་ལ་བརྟེན་ནས་བོད་ནས་ཕྱིར་གཏོང་བྱས་པའི་ཚང་ཟོག་རིན་གོང་གི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་ཕན་འབྲས་བཟང་པོ་བཏོད་པ། བོད་ཀྱི“ལྗང་མདོག”འབྲོག་ལས་དང་། ཁྱད་ལྡན་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་བཅས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་དང་འཛམ་གླིང་གི་ཁྲོམ་ར་དང་དུད་ཚང་ཁྲི་སྟོང་མང་པོར་སྐྱེལ་འདྲེན་ཐུབ་ཡོད།

    ལོ་བཅུའི་རིང་མཚོ་བོད་ལྕགས་ལམ་གྱིས་གངས་ལྗོངས་ས་མཐོ་དང་ནང་སའི་དབར་གྱི་བར་ཐག་ཉེ་རུ་བཏང་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་རབ་ཏུ་འཕེལ་རྒྱས་སོང་བ་དང་འབྲེལ་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། གྲངས་གཞི་ལས་མངོན་པར། 2015ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2018ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་282ཟིན་པ་དེ་མཚོ་བོད་ལྕགས་ལམ་ཤར་གཏོང་མ་བྱས་གོང་གི་ལྡབ་11དང་ལྡབ་15ཡིན་པ་རེད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མཚོ་བོད་ལྕགས་ལམ་ཤར་གཏོང་མ་བྱས་གོང་གི་2005ལོ་ནས་2015ལོའི་བར་བོད་ཀྱི་GDPསྒོར་དུང་ཕྱུར་248.8ནས་སྒོར་དུང་ཕྱུར་1026.39བར་འཕར་ནས་ལོ་རེར་འཕར་ཚད་10%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    མཚོ་བོད་ལྕགས་ལམ་དེ“གསེར་ཟམ”དུ་དངོས་སུ་གྱུར།

    མཚོ་བོད་ལྕགས་ལམ་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། བརྟན་ལྷིང་ཞི་མཐུན་དང་། དར་རྒྱས་གོང་འཕེལ་དང་འབྱོར་ཕྱུག ཤེས་དཔལ་དང་ཡར་ཐོན་བཅས་མངོན་འགྱུར་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།