[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>འཛུགས་སྐྲུན་ལོ་རྒྱུས།
  • གངས་ལྗོངས་མཁའ་ལམ་གྱིས་ལོ་བཅུའི་ནང་བོད་ལ་བདེ་སྐྱིད་ཀྱི་འགྲོ་ལམ་གཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-04

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཚོ་བོད་ལྕགས་ལམ་དེ་ཤར་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་ལྷོ་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་བར་ལམ་བར་དུ་འཛམ་གླིང་ཡང་རྩེ་བརྒྱུད་ཡོད། དེའི་ནང་ནས་ཟི་ལིང་ནས་གོར་མོའི་བར་གྱི་སྤྱི་ལེ་814དེ་སྤྱི་ལོ་1984ལོར་ལས་གཉེར་བྱེད་འགོ་ཚུགས་པ་དང་། གོར་མོ་ནས་ལྷ་སའི་བར་གྱི་དུམ་མཚམས་དེ་སྤྱི་ལོ་2001ལོའི་ཟླ་6པའི་ཚེས་29ཉིན་ལས་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད། སྤྱི་ལོ་2006ལོའི་ཟླ་7པའི་ཚེས་1ཉིན། ཁྱོན་རིང་ཚད་སྤྱི་ལེ་1956ཡོད་པ་དང་། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཤོས། ས་མཐོའི་ལམ་གྱི་དུམ་མཚམས་རིང་ཤོས། ལམ་རྒྱུད་ཁོར་ཡུག་སྡུག་ཤོས་བཅས་ཡིན་པའི་གངས་ལྗོངས་ཀྱི་མཁའ་ལམ་དེ་ཁྱོན་ཡོངས་ནས་མེ་འཁོར་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད།

    མིག་ཡུད་ཙམ་ཞིག་ལ་མཁའ་ལམ་དེ་ལས་གཉེར་བྱས་ནས་ལོ་བཅུ་སོང་ཡོད། ལོ་བཅུའི་ནང་། ལྕགས་ལམ་དེས་བོད་དེ་ཀྲུང་གོའི་ཕྱོགས་བཞི་འཚམས་བརྒྱད་ཀྱི་ལྕགས་ལམ་དྲ་བའི་ནང་ཚུད་པ་དང་། ལས་གཉེར་བྱེད་འགོ་ཚུགས་པ་ནས་ད་བར། བོད་ཀྱི་དཔལ་འབྱོར་སྤྱི་འབོར་ལྡབ་འཕར་བྱུང་བ་དང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་ལྟར་གྲངས་གནས་གཉིས་ཀྱི་འཕར་སྣོན་མྱུར་ཚད་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ལོ་2015ལོར་སྒོར་དུང་ཕྱུར་1026དང་བྱེ་བ་གསུམ་དང་ས་ཡ་དགུ་ལས་བརྒལ་བ་དང་། འཕར་ཚད་བརྒྱ་ཆ་11ཟིན་པས། དེ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་མ་བྱས་གོང་གི་ལྡབ་བཞི་ཡིན་པ་རེད།

    ལོ་བཞི་བཅུ་ལྷག་ཙམ་ཡིན་པའི་ཟླ་བ་ནི་བོད་ཀྱི་འབྲོག་པ་དཀྱུས་མ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་ནང་ཞིང་ཕྱུགས་ཐོན་རྫས་བྲིན་འཚོང་བྱེད་པར་བརྟེན་ནས། ཁོང་གི་ལག་ཏུ་དངུལ་ཕྲན་བུ་བསགས་ཡོད། ལོ་སྟོད་དུ་ཁོང་གིས་རང་ཁྱིམ་གྱི་ཁང་པ་སྐྱར་དུ་མཛེས་བཟོ་བྱས་པ་མ་ཟད། ཁྱིས་ཆས་གསར་པ་ཁ་སྣོན་བྱས་ཡོད། ཐེངས་འདིར་ཁང་པ་མཛེས་བཟོ་བྱེད་སྐབས། ཁོང་གི་ནང་སར་སློབ་སྦྱོང་བྱེད་བཞིན་པའི་བུ་ལ་ཁང་མིག་གཅིག་ཟུར་དུ་བཞག་པ་དང་། བུའི་རེ་བ་ལྟར་ཟླ་བས་ཆེད་མངགས་བུའི་ཉལ་ཁང་ལ་ནང་ས་ནས་དེང་རབས་ཁྱིམ་ཆས་ཆ་ཚང་ཞིག་མངགས་ཉོ་བྱས་ཡོད། ཟླ་བས། ད་ལྟ་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པས། ནང་སའི་ཅ་ལག་མང་པོ་བོད་དུ་དབོར་ཐུབ་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་གྱི་ལྷ་ས་ཟོག་འདྲེན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་གནང་བར། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་སའི་དུམ་མཚམས་ལ་མེ་འཁོར་ཤར་གཏོང་ཐུབ་པ་དེས། བོད་ནས་དངོས་ཟོག་འདྲེན་གཏོང་བྱེད་རྒྱུར་བདེ་འཇགས་དང་། སྟབས་བདེ། ཁྱོན་ཡོངས་བཅས་ཀྱི་ཞབས་ཞུའི་འགན་ལེན་ཐུབ་པ་མ་ཟད། ད་དུང་བོད་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པའི་མ་གནས་དམའ་རུ་ཕྱིན་ཡོད། ལོ་བཅུའི་ནང་། རིམ་རྩིས་བྱས་ན་བོད་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་བྱེ་བ་གསུམ་དང་ས་ཡ་གཅིག་དང་སུམ་འབུམ་ལྔ་ཁྲི་ལྔ་སྟོང་ཙམ་ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅིས་ཀོའོ་ཀང་གིས། ལྕགས་ལམ་ཤར་གཏོང་ལས་གཉེར་བྱས་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ལྕགས་ལམ་རྒྱུད་ཀྱི་བདེ་འཇགས་ལས་གཉེར་ལས་གཞི་ཁོ་ནར་རྒྱལ་ཁབ་ནས་ཆེད་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་བཏང་ནས། ལམ་སྲུང་མཉམ་འབྲེལ་འགོག་སྲུང་གྱི་ཆ་འགྲིག་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱས་པ་མ་ཟད། ལམ་སྲུང་མཉམ་འབྲེལ་འགོག་སྲུང་གི་ཕྱི་ཕྱོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས། ལམ་རྒྱུད་ཀྱི་ཞིང་འབྲོག་པ་4044ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཆིག་ཁྲི་ལྔ་སྟོང་ཡས་མས་འཕར་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ཤར་གཏོང་ཐུབ་པ་དེས། བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། བོད་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་གྱི་དཀའ་ངལ་སེལ་ཡོད་པ་རེད།

    ཅིས་ཀོའོ་ཀང་གིས། མཚོ་བོད་ལྕགས་ལམ་བདེ་འཇགས་འཁོར་སྐྱོད་བྱེད་པ་དང་། ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་བྱས་པ། ལྷ་ཉིང་ལྕགས་ལམ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་བཅས་ཀྱིས། བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་སླེབས་ཡོད། ལྕགས་ལམ་འཛུགས་སྐྲུན་གྱིས། བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་། ཨ་ཤེ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་འབྱེད་བྱེད་རྒྱུའི་གལ་ཆེའི་འགྲོ་ལམ་ལ་ནུས་ཤུགས་མཁོ་འདོན་བྱ་རྒྱུ་རེད་ཅེས་གསུངས་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།