[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>འཛུགས་སྐྲུན་ལོ་རྒྱུས།
  • མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་བཅུ་འཁོར་བ།བདེ་སྐྱིད་གླུ་སྒྲ་ས་ཕྱོགས་ཀུན་ལ་ཁྱབ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-04

    སྤྱི་ལོ་2006ལོའི་ཟླ་བ་7པར། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་བདེ་བླག་ཤར་གཏོང་ཐུབ་པ་དང་། བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད། ལྕགས་ལམ་དེར་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་ཁ་ཤས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོས་འཛམ་གླིང་ཡང་རྩེའི་སྟེང་ངོ་མཚར་གྱི་ལོ་རྒྱུས་ཤིག་གཏོད་པ་མཚོན་ཡོད།

    11.png

    སྡོམ་རྩིས་རྒྱབ་པར་གཞིགས་ན། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་10ཡི་རིང་། ཉིན་ལྟར་ས་མཐོའི་སྟེང་མེ་འཁོར་སུམ་བཅུ་ལ་ཉེ་བ་མཚོ་བོད་ལྕགས་ལམ་ཐོག་འགྲོ་འོང་བྱས་ཏེ། འགྲུལ་པ་མི་ཐེངས་དགུ་སྟོང་བརྒྱ་ཙམ་ཕར་སྐྱེལ་ཚུར་སྐྱེལ་བྱེད་བཞིན་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་གྱིས་ཡུལ་སྐོར་ལས་རིགས་ལ་འགྱུར་ལྡོག་བཏང་བ་དང་། དུས་མཚུངས་སུ་བོད་ཀྱི་ཚོང་ལས་དང་། ཟོག་འདྲེན་གྱི་འཇའ་ཤིང་ལྟ་བུར་འགྱུར་ཡོད། ཉིན་ལྟར་རྒྱལ་ཡོངས་ས་གནས་ཁག་ནས་བཟའ་རིགས་དང་། ཨར་སྐྲུན་རྒྱུ་ཆ། བཟོས་སྣུམ་སོགས་དངོས་ཟོག་ཆེ་གྲས་རྫོགས་མེད་ཐོག་བོད་དུ་དབོར་འདྲེན་བྱེད་པ་དང་། བོད་ནས་ཕར་སྐྱེལ་ཚུལ་སྐྱེལ་བྱས་པའི་དངོས་ཟོག་གི་མ་གནས་ལྡབ་ཀྱིས་ཆུང་དུ་ཕྱིན་པ་དང་། ཚོང་ཟོག་གི་ཟིལ་ཚོང་གོང་ཚད་དང་དངོས་ཟོག་གོང་ཚད་ཀྱི་སྤྱིའི་ཆུ་ཚད་ཀྱང་དེ་བསྟུན་གྱིས་ཆག་པ། གྲོང་མིའི་འཛད་སྤྱོད་གཏོང་སྒོ་ཡང་ཆུང་དུ་ཕྱིན་ནས། དོན་དངོས་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་ཡོད་པ་རེད།

    22.png

    ད་ལོ་དགུང་ལོ་55སོན་པའི་ཡར་ཟླ་ལགས་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་སན་ཁེ་མཁར་སྒང་གྲོང་ཚོའི་གྲོང་མི་ཡིན་པ་དང་། ཁོང་ཆུང་དུས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་ཞོར་ལས་ལ་སྐྱོད་མྱོང་ཡོད། ཁོང་གིས་གོར་མོར་མེ་འཁོར་ཐེངས་དང་པོ་མཐོང་ཡོད། དེའི་སྐོར་ལ་ཁོང་གིས། སྐབས་དེ་དུས་ངས་མེ་འཁོར་གཅིག་ནང་བླུགས་པའི་དངོས་ཟོག་རླངས་འཁོར་བརྒྱ་ཕྲག་ནང་གཞི་ནས་གཤོང་བ་གོ་ཐོས་བྱུང་བས། ངའི་སེམས་ནང་གལ་ཏེ་ངའི་ཕ་ཡུལ་དུ་ཡང་མེ་འཁོར་དེ་འདྲ་ཡོད་ན་དགའ་བ་ལའང་བསམ་བྱུང་ཞེས་གསུངས་ཀྱི་ཡོད་པ་རེད།

    ཡར་ཟླའི་བསམ་འདུན་ཡུན་རིང་མ་འགོར་བར་མངོན་འགྱུར་བྱུང་ཡོད། ལྕགས་ལམ་གྱིས་ཁོང་ལ་གཏམ་བཟང་འཁྱེར་ཡོང་བ་མ་ཟད། ད་དུང་གོ་སྐབས་སྤྲད་ཡོད། ལོ་དེར། ཡར་ཟླ་ལགས་ནས་དངུལ་བུན་གཡར་ནས་འགྲུལ་སྐྱེལ་དང་ཟོག་འདྲེན་གཉིས་ཀའི་ནུས་པ་ལྡན་པའི་རླངས་འཁོར་ཆུང་གྲས་ཤིག་ཉོས་པ་དང་། མཚོ་སྔོན་ལྕགས་ལམ་གྱི་ཨར་སྐྲུན་བྱ་ཡུལ་ནས་དངོས་ཟོག་གཏོང་སའི་ས་ཆར་བསྐྱོད་དེ། དངོས་ཟོག་ཆུང་ངུའི་དབོར་འདྲེན་དང་བཟོ་པ་སྐྱེལ་འདྲེན་བྱེད་པའི་ལས་འགན་འགན་གཙང་ལེན་རྗེས། ལྕགས་ལམ་ཤར་གཏོང་མ་ཐུབ་གོང་ནས་རླངས་འཁོར་ཉོ་དུས་ཀྱི་དངུལ་བུན་དང་སྐྱེས་ཀ་ཚང་མ་མཇལ་ཐུབ་པ་མ་ཟད། ད་དུང་བྱ་གཞག་གོང་འཕེལ་གྱི་དངུལ་ཐོག་མ་དེ་བསགས་ཐུབ་པ་བྱུང་ཡོད།

    33.png

    ལྷ་ས་གྲོང་ཁྱེར་བའེ་དབྱིད་སྒོ་རྩིས་ཚོང་ཁང་གསེར་ཁང་ཚོང་ཁང་ནང་། རྒྱལ་ཁོངས་ལས་གྲོལ་བའི་ཚོང་ཟོག་ཐད་འཚོང་ལྟེ་གནས་ཤིག་སྒོ་ཕྱེ་ཙམ་ཡིན་པ་དང་། ཚོང་ཁང་དེས་ཨ་རི་དང་། འཇར་མན། ཨོ་སི་ཁྲུ་ལི་ཡ། ཐེ་ལན་སོགས་ནས་ནང་འདྲེན་བྱས་པའི་ཚོང་ཟོག་རིགས་སྟོང་ཕྲག་ཙམ་འཚོང་བཞིན་ཡོད་པ་རེད། ཚོང་ཁང་དེའི་ལས་གཉེར་བས་གསར་འགོད་པར། རྒྱལ་ཁོངས་ལས་གྲོལ་བའི་ཚོང་ཟོག་ནང་སའི་གྲོང་ཁྱེར་དུ་རྒྱ་ཁྱབ་ཆེན་པོ་བྱུང་ཡོད། ཡིན་ནའང་བོད་ཀྱི་ངོས་ན་བཤད་ན་གསར་དར་ཁྲོམ་ར་ཞིག་རེད། མཚོ་བོད་ལྕགས་ལམ་ཡོད་པས། ཚོང་ཟོག་ཁྲེང་ཏུའུ་མཁའ་ཐོག་སྐྱེལ་འདྲེན་དངོས་པོའི་དཔྱ་ཁྲལ་འགན་སྲུང་གི་ཟོག་འདྲེན་ཁུལ་ནས་དངོས་ཟོན་བཏང་རྗེས་ཉིན་གསུམ་གཡས་གཡོན་གྱི་དུས་ཚོད་ནང་ལྷ་སར་སླེབས་ཀྱི་ཡོད་པ་དང་། ད་ལྟའི་ཚོང་ཁང་ནང་གི་དངོས་ཟོག་བྲིན་ཁ་རྒྱུགས་པོ་འདུག ལྷ་སའི་གྲོང་མིས་ཧ་ལམ་ནང་ས་དང་གོང་ཚད་གཅིག་པའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཚོང་ཟོག་ཉོ་ཐུབ་ཅེས་ཤོད་ཀྱི་ཡོད་པ་རེད།

    44.png

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་10འཁོར་བ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དུས་ཚིགས་ཤིག་ཡིན་པ་ལས། མཇུག་འགྲིལ་བ་ཞིག་རྩ་བ་ནས་མིན། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་བོད་དུ་ལྡང་བ་དང་། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་བོད་ཀྱི་ས་ཕྱོགས་གང་སར་འཕྲོ་དུས། བོད་ཀྱིས་གོམ་ཞེང་ཆེན་པོས་ཐུན་མོང་འབྱོར་ཕྱུག་མངའ་ཐང་རྒྱས་པའི་འཚོ་བའི་ཕྱོགས་སུ་བསྐྱོད་བཞིན་ཡོད། གནས་འདི་ཡི་མཆོད་ཆང་དང་། གསོལ་ཇ་སྲུབ་མ་སྔར་བས་དྲོ་བཅུད་ལྡན། བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱི་བདེ་སྐྱིད་གླུ་སྒྲ་ས་ཕྱོགས་ཀུན་ལ་ཁྱབ་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།