[ English ] [ 中文 ]
0891-6325020
  • འོད་སྟོང་འཕྲོ་བའི་ལམ་བུ་ལས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད།

  • ཡོང་ཁུངས།   བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    1959ལོའི་དཔྱིད་ཀ་ནི་རླབས་ཆེ་བའི་དམངས་གཙོའི་བཅོས་སྒྱུར་གྱི་དུས་བཟང་ཞིག་དང་། འགོ་འཛུགས་ས་གསར་པ་ཞིག་རེད། དུས་དེ་ནས་བཟུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བར་གནམ་ས་བླ་འོག་ལྟར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཞིང་བྲན་རྣམས“སྐད་ཆ་ཤོད་ཤེས་པའི་དུད་འགྲོ”ལྟ་བུ་ནས་རང་ལུས་རང་དབང་ཐོབ་སྟེ་ཞིང་བྲན་ནས་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད་པ་རེད།

    ལོ་རབས་90རྗེས་ཀྱི་ང་ཚོའི་ངོས་ནས་བརྗོད་ན། དམངས་གཙོའི་བཅོས་སྒྱུར་གོང་གི་ཡ་ང་བའི་འཚོ་བ་སྐྱེལ་མྱོང་མེད་ཀྱང་། ང་ཚོས་རང་ཉིད་ཀྱི་མེས་པོའི་འགྲམ་ནས་ཁོང་ཚོའི་དེ་སྔོན་གྱི་མུན་ནག་གི་འཚོ་བ་ཇི་མ་ཇི་བཞིན་དུ་ཤེས་རྟོགས་ཐུབ། རྒྱུན་དུ་ཁོ་མོའི་སྤོ་བོ་ལགས་ཀྱིས་ཁོང་ཆུང་དུས་ཀྱི་མུན་ནག་འཚོ་བར་ཕྱིར་དྲན་བྱེད་སྐབས་མིག་གཉིས་མཆི་མས་བརླན་བཞིན་དུ“སྐབས་དེ་དུས་ལྟོ་གྲོད་པ་རྒྱགས་པ་ཞིིག་ཟ་མྱོང་མེད་ལ་གོས་ལུས་པོ་དྲོད་པ་ཞིག་ཀྱང་གྱོན་མྱོང་མེད། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་དེ་བས་ཀྱང་བརྗོད་མི་དགོས་པ་ཞིག་རེད་ལ། འདྲ་མཉམ་དང་རང་དབང་ནི་ཉིན་མོའི་སྐར་མ་ལྟ་བུ་རེད། མུན་ནག་དང་གདུག་རྩུབ་ནི་ང་ཚོའི་འཚོ་བའི་ལོ་རྒྱུས་ངོ་མ་དེ་རེད”ཅེས་གསུང་གི་འདུག 1959ལོའི་ཟླ་3ཚེས་28ནི་རྗེས་རབས་པ་ང་ཚོའི་ངོས་ནས་བརྗོད་ན་དུས་ཐུང་གི་ཉིན་ཞིག་ཡིན། འོན་ཀྱང་སྤོ་བོ་ལགས་ཁོང་གི་ངོས་ནས་བརྗོད་ན་ཉིན་དེ་ནི་ཁོང་གི་མི་ཚེའི་ཁ་ཕྱོགས་འགྱུར་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད།

    ཚང་མས་ཤེས་གསལ་ལྟར།  ད་ལྟ་སྤྱི་ཚོགས་རྣམ་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཉིན་རེ་བཞིན་མ་བསྡད་པར་གོང་མཐོར་འགྲོ་བ་དང་བསྟུན་ནས་གྲངས་ལས་འདས་པའི་གཟིགས་སྐྱོང་སྲིད་ཇུས་ལས་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་དྲོད་འཇམ་ཉི་འོད་འོག་ཇ་མངར་མོ་འཐུང་གིན་དུ་ལག་ཐོག་ཁ་པར་ནས་དྲ་བ་བེད་སྤྱད་དེ་ཅ་ལག་མངག་ཉོ་དང་། དེ་བཞིན་རྒྱ་ཟས་དང་ཕྱི་ལུགས་པའི་ཟས་རིགས་སྣ་ཚོགས་ཀྱི་བྲོ་བ་མྱོང་བཞིན་པའི་བདེ་སྐྱིད་འཚོ་བ་གང་སར་མཐོང་རྒྱུ་ཡོད། འདིེ་ལྟ་བུའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་1959ལོའི་སྔོན་གྱི་བོད་རྙིང་པའི་འཚོ་བ་དང་བསྡུར་ཚེ་ངོ་མ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  

    ཟླ་3པའི་ཚེས་28ཉིན་ནི་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱིས་བློ་ལ་བརྟན་པོར་ངེས་པའི་ཉིན་མོ་ཞིག་རེད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགའ་འབོད་དང་དྲན་གསོ་བྱེད་འོས་པའི་དམིགས་བསལ་གྱི་ཉིན་མོ་ཞིག་ཀྱང་རེད། ང་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་འཚོ་གནས་བྱེད་རྒྱུ་བྱུང་བར་སེམས་གཏིང་ནས་དགའ་སྤྲོ་དང་། དེ་བས་དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་མེས་རྒྱལ་དང་མཉམ་དུ་བསྐྱོད་དེ་ད་ལྟའི་ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་འཛིན་བྱེད་དགོས།

    (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   སྤེན་པ་བདེ་སྐྱིད)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།