[ English ] [ 中文 ]
0891-6325020
  • དེ་རིང་ང་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

    ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་གྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བའི་དྲན་གསོའི་བྱེད་སྒོའི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-03

    “རྒྱལ་དར་སྒྲེང་བ”དང་། དུད་ཚང་དབུལ་པོ་དང་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ། ཐུམ་འབུའི་ནད་དང་ཨེ་ཙིའི་ནད་སྔོན་འགོག་དྲིལ་བསྒྲགས། རིག་རྩལ་འཁྲབ་སྟོན་ལ་སོགས། ཟླ་3ཚེས་28ཉིན་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་གྲོང་མི་ཨུ་ལྷན་གྱི་སྒོ་རའི་ནང་གྲོང་ཚོ་དང་པོ་དང་། གཉིས་པ། དགུ་པ་བཅས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་གཟབ་མཆོར་སྤྲས་ཏེ་མཉམ་འཛོམས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་དུས་ཆེན་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་བྱས།

    ཞོགས་པའི་ཆུ་ཚོད་10པར་གསར་འགོད་པས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ནེང་ཧྲེང་དང་མཉམ་དུ་རླངས་འཁོར་བསྡད་དེ་ན་སེར་གྲོང་མི་ཨུ་ལྷན་དུ་བསྐྱོད་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲིག་འཛུགས་བྱས་པའི“‘3·28’ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི”རིམ་སྤེལ་བྱེད་སྒོར་ཞུགས་པ་རེད།

    “ལོངས་ཤོག བྲན་གཡོག་བྱེད་མི་འདོད་པའི་མི་རྣམས། ང་ཚོའི་ཤ་རུས་ལ་བརྟེན་ནས་ལྕགས་རི་རིང་པོ་གསར་དུ་བསྐྲུན་དགོས”ཞོགས་པའི་ཆུ་ཚོད་11པར《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་སྐད་གསང་མཐོ་བའི་གླུ་སྒྲ་གྲགས་པ་དང་སྦྲགས་རྩ་རིང་གྲོང་རྡལ་མངགས་གཏོང་ཁང་གི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་གྲུབ་པའི་རྒྱལ་དར་སྲུང་སྐྱོབ་རུ་ཁག་གིས་གྲལ་སྟར་སྒྲིག་ཅིང་གོམ་སྟབས་བརྟན་པོ་སྤོས་ནས་སྐར་ལྔའི་དར་དམར་སྲུང་སྐྱེལ་བྱས།

    གྲོང་ཚོ་དང་པོའི་དུད་ཚང་དབུལ་པོ་རྣམ་རྒྱལ་རྡོ་རྗེས་རང་ཉིད་ཀྱི་ལོ་7ལ་སླེབས་པའི་བུ་མོ་སྐལ་བཟང་སྒྲོལ་མའི་ལག་ཆུང་དམ་པོར་བཟུང་སྟེ་སྐར་ལྔའི་དར་དམར་སྒྲེང་བར་ལྟ་བཞིན་དུ་མིག་ལ་མཆི་ཞག་འཁོར།

    སྐལ་བཟང་སྒྲོལ་མ་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པས་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་འབྱུང་འགྱུར་བདེ་ཐང་གི་བྱིས་པ་ཚོ་དང་མཉམ་དུ་སློབ་གྲྭར་སློབ་གསོ་དང་ལེན་ཐུབ་མིན་དེ་ནང་མི་ཚོའི་སེམས་ཁྲལ་བྱ་ཡུལ་དུ་གྱུར། 2017ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་རྗེས་རང་འགུལ་ངང་སྐལ་བཟང་སྒྲོལ་མའི་ནད་གཞིའི་ཡིག་རིགས་ལེགས་སྒྲིག་བྱས་ནས་པེ་ཅིང་གི་སྨན་ཁང་ཞིག་དང་འབྲེལ་བ་བྱས་པ་དང་འབྲེལ་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣས་ཞལ་འདེབས་བརྒྱབ་པ་བརྒྱུད་སྐལ་བཟང་སྒྲོལ་མ་གཤགས་བཅོས་བདེ་བླག་ཐུབ་ཡོད། ད་ཆ་སྐལ་བཟང་སྒྲོལ་མ་སློབ་ན་སོན་པ་དང་གཟུགས་པོ་བདེ་ཐང་ཡིན་པས་ནང་མི་ཡོངས་ཀྱིས་ཁོང་ལ་སེམས་ཁྲལ་བྱེད་དགོས་ཀྱི་མེད།

    “ངའི་བུ་མོ་དང་འདྲ་བའི་གནས་ཚུལ་དེ་རིགས་དེ་སྔའི་ཞིང་བྲན་དུས་སུ་ཡིན་ཚེ་བསམ་མི་ཕོད་པ་ཞིག་རེད། གུང་ཁྲན་ཏང་དང་རླབས་ཆེན་འབྱོར་ཕྱུག་གི་མེས་རྒྱལ་གྱི་དྲིན་ཚོར་བ་དང་གྲོང་སྡོད་ལས་དོན་རུ་ཁག་ནི་རང་རེའི་ཏང་གིས་མངགས་པའི་ལས་བྱེད་པ་ཡག་པོ་ཞིག་དང་ང་ཚོ་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་བྱེད་མཁན་ལས་བྱེད་པ་དངོས་རེད། ངས་ཁོང་ཚོའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ལ་ངའི་བུ་མོས་ཀྱང་ནམ་ཡང་བརྗེད་མི་སྲིད”ཅེས་རྣམ་རྒྱལ་རྡོ་རྗེས་སེམས་འགུལ་ཟབ་མོ་ཐེབས་པའི་ངང་བཤད།

    དབུལ་སྐྱོར་མི་ཚང་མ་དང་འབྲེལ་བ་ཡོད། “3·28”ལ་དྲན་གསོ་ཞུ་བའི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་འགོ་མ་ཚུགས་གོང་ཝང་ནེང་ཧྲེང་དང་བཅས་པས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཁོའོ་རིམ་པ་ཡན་གྱི་ལས་དོན་མི་སྣ་ཁྲིད་དེ་དབུལ་སྒྲོལ་ཐུབ་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་93དང་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

    “རག་པའི་འཚམས་འདྲིའི་དངུལ་སྒོར་500གསོག་རྩིས་ཡོད”“ངའི་བུ་འདི་ལོ་སློབ་ཆུང་དུ་བསྐྱོད་མ་ཐག་ཡིན་པས་གྱོན་ཆས་གསར་པ་ཞིག་ཉོ་རྩིས་ཡོད”ཅེས་གྲོང་ཚོ་དང་པོ་དང་། གཉིས་པ། དགུ་པ་བཅས་ཀྱི་དུད་ཚང་དབུལ་པོས་རང་རང་གི་བསམ་ཚུལ་བཤད།

    དུད་ཚང་དབུལ་པོ་ཁག་གིས་འཚམས་འདྲིའི་དངུལ་བླངས་རྗེས་རང་རང་གི་སྡོད་གནས་སུ་བསྡད་པ་དང་འཁྲུག་ཆ་དོད་པའི《འབྲོག་ཁུལ་སྒོར་གཞས》ཀྱི་ཞབས་བྲོ་ན་སེར་གྲོང་མི་ཨུ་ལྷན་གྱི་གར་སྟེགས་སུ་འཁྲབ་ནས་དུས་རབས་གསར་པའི་འཚོ་བ་གསར་པ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ཚུན་གྱི་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་དགའ་བས་རོལ།

    དུས་འདིར་མི་རྣམས་དགའ་སྤྲོས་ཁེངས་ཤིང་། ཚང་མས“ཟླ་3ཚེས་28ཉིན་ནི་ཉིན་མོ་གལ་ཆེན་ཞིག་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཉིན་མོ་ཞིག དྲན་གསོ་བྱེད་འོས་པའི་ཉིན་ཞིག ང་ཚོའི་དུས་ཆེན་ཞིག་བཅས་རེད”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།