[ English ] [ 中文 ]
0891-6325020
  • གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་གཏོང་རྒྱུ་དེ“ལྗང་མདོག་གི་གཞི་རྒྱུ”དང་མཉམ་འདྲེས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-13

    སྣོད་བཅུད་ཉམས་ཞན་ནས་རི་ཀླུང་ཀུན་ལ་སྔོ་ལྗང་གོས་བཟང་བཀླུབས་པའི་བར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་སྤྱི་ཁྱབ་ ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ མཛུབ་སྟོན་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་ཏེ་མཛེས་སྡུག་ལྡན་པའི་རྫོང་གྲོང་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    540859_yis_1534047596177_s.jpg

    འདི་ནི་བཞད་མཐོང་སྨོན་རྫོང་གི་ཡར་ཀླུང་གཙང་པོའི་ངོགས་ཀྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ་ཡིན་པ།

    གཞིས་རྩེ་གྲོང་ཁྱེར་ཁུལ་ནས་ཞིང་ཆེན་ལམ་204བརྒྱུད་ནུབ་ཀྱི་ཕྱོགས་སུ་ཐོན་ཚེ་བཞད་མཐོང་སྨོན་རྫོང་ཁོངས་སུ་འབྱོར། གཞུང་ལམ་གྱི་གཡས་གཡོན་དུ་ལྕང་སྡོང་གྲལ་སྟར་སྒྲིག་ཅིང་སྤང་སྔོ་ཐིང་ངེར་སྐྱེས་པ་མིག་ལམ་དུ་འཆར།

    རྫོང་གྲོང་དུ་སླེབས་མཚམས་ནས་རྒྱང་ལྟ་བྱས་ཚེ། ས་གཞི་ཡོངས་ལ་སྔོ་ལྗང་གོས་བཟང་བཀླུབས་ཤིང་། གྲོང་རྡལ་དང་གཞུང་ལམ་ནགས་ཤིང་ཁྲོད་དུ་ཆགས་ལ་མི་རྣམས་དེ་གའི་མཛེས་ལྗོངས་ཁྲོད་མཛེས་པ་ཉམས་སུ་མྱོང་བཞིན་མཆིས། གྲོང་རྡལ་ནང་སྐྱོད་སྐབས་སྤྱི་གླིང་ཆེན་པོའི་ནང་འཆམ་འཆམ་བྱེད་པའི་ཚོར་བ་ངང་གིས་སྟེར།

    ལོ་འགའ་ཞིག་གོང་རྩྭ་རྩི་ཤིང་དང་མེ་ཏོག་ལ་སོགས་པ་ཤིན་ཏུ་མཐོང་དཀོན་པ་དང་ལྷག་པར་དུ་ལྷགས་པ་ཆེན་པོ་རྒྱག་རིམ་བཞིན་རྡུལ་རླུང་འཚུབ་རྒྱུ་སྨྲོས་མེད་ཡིན། ད་ཆ་བཞད་མཐོང་སྨོན་རྫོང་གི་རི་ཀླུང་ཀུན་ལ་སྔོ་ལྗང་གོས་བཟང་བཀླུབས་པ་ནི་བསམ་ཡུལ་ལས་འདས།

    2013ལོ་ཚུན་བཞད་མཐོང་སྨོན་རྫོང་གིས་མཛེས་སྡུག་ལྡན་པའི་རྫོང་གྲོང་གཏོད་པའི་དམིགས་ཚད་ལ་གཞིགས་ཏེ། ཤིང་འཛུགས་ནགས་བཟོའི་བྱ་སྤྱོད་ཤུགས་ཆེན་སྤེལ་བས་དུས་ཐུང་ལོ་འགའ་ཤས་རིང་རྫོང་གྲོང་ཡོངས་སུ་སྔོ་ལྗང་གོས་བཟང་བཀླུབས་ཐུབ་པ་བྱུང་ཡོད།

    གྲངས་གཞི་རེ་རེ་ལས་མཐོང་ཐུབ་པར། ཁྱབ་ཁོངས་གཙོ་བོའི་ལས་གྲྭས་མུའུ་6155.6ནགས་བཟོ་བྱས་པ་དང་། ལྷ་སའི་མཐའ་འཁོར་གྱི་ནགས་བཟོ་ལས་གྲྭས་མུའུ་12645.6ནགས་བཟོ་བྱས་པ་དང་མུའུ་32200རི་རྒྱ་བསྡོམས་ནས་ནགས་བཟོ་བྱས་པ། བྱེ་འགོག་བྱེ་བཅོས་ལས་གྲྭས་མུའུ་47240ནགས་བཟོ་བྱས་པ། འགོག་སྲུང་ལྕགས་དྲ་མ་ལག་འཛུགས་སྐྲུན་ལས་གྲྭས་མུའུ་9669.9ནགས་བཟོ་བྱས་པ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྣམ་གྲངས་ཀྱིས་མུའུ་4509.4ནགས་བཟོ་བྱས་པ། རྫོང་གྲོང་གི་སྔོ་འགྱུར་རྒྱ་ཁྱོན་མུའུ་400ལྷག་ཙམ་ཟིན་པ་ལ་སོགས་ཡིན།

    འཕོ་འགྱུར་ཆེན་པོའི་རྒྱབ་ཏུ་དཀའ་ངལ་དུ་མ་བརྒྱབ་ནས་འཚོལ་ཞིབ་མང་པོ་བྱས་ཡོད། བཞད་མཐོང་སྨོན་རྫོང་གི་ཆ་སྙོམས་ས་བབ་སྨི་4300ཡིན་པས་ས་བབ་མཐོ་པོར་ལྕང་སྡོང་འཛུགས་པ་ནི་འགྲན་སློང་ཆེན་པོ་ཞིག་ལས་མ་འདས།  ཇི་ལྟར་བྱས་ཏེ་དེ་གར་བཏབ་པའི་ལྕང་མ་གསོན་ཐུབ་པ་བྱེད་དགོས་པ་དེ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་ཞིག་རེད། རྫོང་དེས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚོད་འདེབས་ཧུར་ཐག་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་པ་སྟེ།

    —— ཚན་རིག་དང་མཐུན་པའི་ལྕང་སོན་བདམས་པ། སྔོན་ལ་ཚོད་ལྟ་བྱེད་པ་དང་རྗེས་སུ་ཁྱབ་གདལ་གཏོང་བའི་བརྟག་ཐབས་སྨྲ་བར་གཞིགས་ཏེ་བཞད་མཐོང་སྨོན་རྫོང་གིས་2014ལོ་ནས་བཟུང་སྔོ་འགྱུར་ལྕང་སོན་སྣ་ཁ་37ནང་འདྲེན་བྱས་པ་དག་ཚང་མ་གསོན་ཚད་མཐོ་པོ་བྱུང་བ་དང་།

    —— ལུགས་དང་མཐུན་པའི་སྒོ་ནས་སྡོང་ཕྲུག་གསབ་འདེབས་བྱས་པ། ལོ་ལྟར་གྱི་ཟླ་བ་བཞི་པ་དང་ལྔ་པར་གཅིག་སྡུད་ཐོག་སྡོང་ཕྲུག་གསབ་འདེབས་བྱས་པ་དང་། མེ་ཏོག་གི་སོན་བཏབ་པ། རྩ་ངན་བཀོག་པ་དང་། སྡོང་ཕྲུག་འདེབས་སྟངས་ཐད་འཕྲེད་གཞུང་དབར་དབྱེ་མཚམས་ཕྱེ་བ་དཔེར་ན། རྒྱ་ལྕང་དང་། ཡོ་འབོག གསོམ་ཤིང་སོགས་དབར་སྨི་3ནས་5བར་བར་ཐག་བཅད་ནས་བཏབ་པ། ཤིང་རིགས་ཁྱབ་ཚུལ་ཐད་མཐོ་དམའ་མཉམ་བསྲེས་དང་ལུགས་མཐུན་བགོ་སྒྲིག་བྱས་པ།

    —— གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། “ཡིང་32པའི་ནགས་སྲུང་རུ་ཁག”བཙུགས་ཏེ། གསབ་འདེབས་དང་། ནད་དང་འབུའི་གནོད་འཚེ་འགོག་བཅོས། ཉམས་བཟོ། ཆུ་འདྲེན་པ་སོགས་སྣོད་བཅུད་ནགས་བཟོ་དང་སྔོ་འགྱུར་གྱི་འབྲེལ་ཡོད་ལས་འགན་ཆེད་མངགས་འཁུར་དུ་བཅུག་པ་དང་། ནགས་སྲུང་བའི་དཔུང་ཁག་བཙུགས་ཏེ་ས་ཁོངས་དབྱེ་ནས་ལྟ་སྲུང་བྱས་པ། སྣོད་བཅུད་ལས་གནས་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་སྡོམ་པ་དང་ལྟ་སྐུལ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བཅས་སོ།

    “ཤིང་འཛུགས་ནགས་བཟོ་བྱེད་པར་སྲིད་གཞུང་ལ་ཆ་མཚོན་ན་གོང་ནས་འོག་བར་ཚང་མས་སྐུལ་འདེད་གཏོང་བ་དང་མི་རྒྱུ་དངུལ་གསུམ་འབོར་ཆེན་གཏོང་དགོས་པ་མ་ཟད། ད་དུང་མང་ཚོགས་ལ་ཆ་མཚོན་ན་འོག་ནས་གོང་བར་ཚང་མས་བརྩི་སྲུང་ཡང་ཞུ་དགོས། ཕྱོགས་གཉིས་ཕན་ཚུན་མཉམ་འགུལ་བྱས་ཚེ་གཞི་ནས་ལྕང་མ་ཡག་པོ་འདེབས་ཐུབ་པ་དང་སྲུང་སྐྱོང་ཡག་པོ་བྱེད་ཐུབ”ཅེས་བཞད་མཐོང་སྨོན་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་སྤེན་པ་ཚེ་རིང་གིས་བཤད།

    ནགས་བཟོ་སྔོ་འགྱུར་ཐོག་མར་བྱེད་སྐབས་མང་ཚོགས་མི་ཉུང་བ་ཞིག་གིས་བསམ་ཤེས་མི་བྱེད་ལ་རྒྱབ་སྐྱོར་ཡང་མི་བྱེད་པ་དང་། ལྕང་མ་འདེབས་པའི་ཧུར་བརྩོན་ཆེན་པོ་མེད་པ། ཐ་ན་མང་ཚོགས་འགའ་ཞིག་གིས་ལྕང་མར་གཏོར་སྐྱོན་བཏང་བའི་གནས་ཚུལ་ཡང་ཐོན་ཡོད།

    གནད་དོན་ཐག་གཅོད་ཐུབ་མིན་གྱི་འགག་རྩ་ནི་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཐུབ་མིན་དང་མང་ཚོགས་ཀྱིས་ཤིང་བཏབ་པའི་ལེགས་ཆ་ཤེས་མིན་ལ་ཐུག་ཡོད།

    བཞད་མཐོང་སྨོན་རྫོང་གིས་དཔེ་སྟོན་སྐུལ་ཁྲིད་དང་བྱ་དགའ་ཁ་གསབ་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་མང་ཚོགས་ལ་འདུ་ཤེས་རྙིང་པ་བསྒྱུར་རྒྱུའི་ཁྲིད་སྟོན་བྱས་པ་དང་སྲིད་གཞུང་གིས་དཔེ་སྟོན་ནགས་བཟོའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་ནགས་བཟོའི་རིན་ཐང་གསལ་འགྲེལ་བྱས་ནས་མང་ཚོགས་ཀྱིས་ཤིང་བཏབ་པའི་ཕན་ཡོན་ཤེས་སུ་བཅུག་ཡོད། དེ་དང་ཆབས་ཅིག་ཤིང་འཛུགས་ནང་ཞུགས་མཁན་མང་ཚོགས་ལ་བྱ་དགའ་ངེས་ཅན་ཞིག་སྤྲད་དེ་ཤིང་འཛུགས་ནགས་བཟོའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ནུས་ལྡན་བཏང་ཡོད།

    “རྩྭ་རྩི་ཤིང་མང་དུ་ཕྱིན་པ་དང་ཆབས་ཅིག་མཁའ་རླུང་ཡང་གཙང་དུ་ཕྱིན་སོང་། ས་གཞི་ཡོངས་སྔོ་ཐིང་ངེར་གནས་པ་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཆབ་ཁ་གྲོང་རྡལ་དགེ་སྡིང་གྲོང་ཚོའི་གྲོང་མི་པ་སངས་རྡོ་རྗེས་རང་ཁྱིམ་གྱི་རྒྱབ་མདུན་དུ་ལྕང་མ་སྡོང་རྐང་8བཏབ་པ་མ་ཟད། ད་དུང“ཡིང་32པའི་ནགས་སྲུང་རུ་ཁག”ནང་ཞུགས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། “དེ་ལས་ང་རང་ཁྱིམ་གྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་འདི་གའི་སྣོད་བཅུད་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་སོང་། ལྕང་མ་འདེབས་གསོ་བྱ་རྒྱུ་ནི་ད་ཆ་ངའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད”ཅེས་པ་སངས་རྡོ་རྗེས་བཤད།

    “ད་ཆ་མི་རྣམས་ཀྱིས་ལྕང་མའི་ཡལ་ག་ཆག་པ་དང་། སྤང་དང་མེ་ཏོག་དཀྱིལ་དུ་གད་སྙིགས་དབྱུགས་པ། ཕྱུགས་རིགས་ཀྱིས་ལྕང་མ་ཟ་བ་སོགས་མཐོང་སྐབས་རང་འགུལ་ངང་གད་སྙིགས་སྒྲུག་པ་སོགས་བྱས་ནས་སྲུང་སྐྱོང་བྱེད་པ་དང་མི་མང་པོ་ཞིག་གིས་ཤིང་འཛུགས་ནགས་བཟོར་ཞུགས་ཀྱི་ཡོད”བཞད་མཐོང་སྨོན་རྫོང་ནགས་ལས་ཅུས་ཀྱི་ལག་རྩལ་པ་བཀྲ་ཤིས་ཀྱིས་སྲོལ་རྒྱུན་གྱི་བྱེད་ཐབས་ལ་བརྟེན་ནས་ལྕང་མ་འདེབས་གསོ་བྱེད་པ་མ་ཟད། ད་དུང་འདེབས་གསོ་བྱེད་སྟངས་དེ་རིགས་མི་གཞན་ལ་སློབ་ཀྱི་ཡོད་ཅེས་བཤད།

    ད་ཆ་བཞད་མཐོང་སྨོན་རྫོང་གི་མང་ཚོགས་ཀྱི་ཤིང་འཛུགས་ནགས་བཟོའི་འདུ་ཤེས་དེ་གཞན་སྐུལ་ནས་རང་འགུལ་དུ་འགྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།