[ English ] [ 中文 ]
0891-6325020
  • ལོ་11རིང“མཁའ་ལམ་གསར་པ”ཞིག་གཏོད་པའི་ལས་ལ་གཞོལ་བ།

    “ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མའི”རྣམ་གྲངས་ཀྱི་འགན་འཁུར་བ་གཙོ་བོ་བློ་བཟང་ཕུན་ཚོགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    2008ལོའི་ཟླ་3ཚེས་21ཉིན། “ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”དངོས་སུ་སྤྱད་པ་དེས་དེ་སྔའི་ཁྲེང་ཏུའུ་ནས་ལྷ་ས་བར་ཕན་ཚུན་འཕུར་བའི་མཁའ་ལམ་རྐྱང་པ་དེ“འགྲོ་འོང་ཁག་བགོས་དང་འཕུར་སྐྱོད་ལོགས་བཀར”གྱི་བགྲོད་ལམ་ཆེ་མོའི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་བ་རེད།

    ཉིན་དེར་བློ་བཟང་ཕུན་ཚོགས་ཀྱིས་ལོ་11འབད་འཐབ་བྱས་པའི་ལས་རིགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།

    བློ་བཟང་ཕུན་ཚོགས་ནི་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ལྷ་སའི་ས་ཁོངས་དོ་དམ་ཚོད་འཛིན་ཁང་གི་ཀྲུའུ་རེན་དང་རྣམ་གྲངས་དེའི་འགན་འཁུར་བ་གཙོ་བོའི་གྲས་ཤིག་རེད། ལས་ཀ་བྲེལ་འཚུབ་ཆེ་བ་དང་། དུས་ཚོད་ཛ་དྲག་པ། ལས་འགན་ལྕི་བ་སོགས་ཀྱི་རྐྱེན་པས་ཁོང་ལོ་གཉིས་འཁོར་ཞག་ལ་ཕྱིན་མེད། “ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”དངོས་སུ་སྤྱད་པའི་ཉིན་དེར་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་བློ་བཟང་ཕུན་ཚོགས་འཁོར་ཞག་ལ་འགྲོ་རྒྱུའི་ཆོག་མཆན་ཆེད་མངགས་གནང་བ་རེད།

    ལོ་4ལ་སླེབས་པའི་བུ་དང་ཁོང་འབྲེལ་འདྲིས་ཆེན་པོ་མེད་པར་གྱུར་པ།

    བློ་བཟང་ཕུན་ཚོགས་ལོ་41ལ་སླེབས་སྐབས་གཞི་ནས་བུ་ཞིག་བྱུང་བས་བུ་དེར་བརྩེ་བ་ཤིན་ཏུ་ཆེ།

    ནང་དུ་ལོག་རྗེས“ངས་ཉིན་གང་བུ་དང་མཉམ་དུ་བསྡད་པས་བུས་གཞི་ནས་ང་ལ་གད་མོ་དགོད་ཀྱི་འདུག”ཅེས་བློ་བཟང་ཕུན་ཚོགས་ཀྱི་མིག་དམར་པོར་གྱུར་ནས་གསར་འགོད་པར་ཁོང་དང་བུའི་གཏམ་རྒྱུད་ཤོད་འགོ་ཚུགས།

    “ལོ་དེ་དག་རིང་རང་ཉིད་ལས་བྲེལ་ཆེ་བའི་རྐྱེན་གྱིས་ཕྲུ་གུ་དང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་རྒྱུ་ལྷོད་གཡེང་ཤོར་འདུག” “འོན་ཀྱང་བྱེད་རིན་ཡོད་པ་ཞིག་རེད། ‘ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ’མཐར་བདེ་བླག་སྤྱོད་སོང”ཞེས་ཁོང་གིས་ཁ་སྣོན་བརྒྱབ་ནས་བཤད།

    ལོ་11ཉིན་གཅིག་ལྟར“ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ”ལ་འབད་འཐབ་བྱེད་པ།

    1996ལོར་བློ་བཟང་ཕུན་ཚོགས་སི་ཁྲོན་ཀོང་ཧན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་ནས་ཐོན་རྗེས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་སུ་ལས་ཀར་ཞུགས།

    “མཁའ་ལམ་རྐྱང་པ་ཡིན་པའི་རྐྱེན་གྱིས་གཟབ་གཟབ་མ་བྱས་ན་གནམ་གྲུ་གཉིས་མཐོ་ཚད་གཅིག་གི་ཐོག་མཉམ་དུ་འཕུར་སྐབས་ཉེན་ཁ་ཤིན་ཏུ་ཆེ”ལས་ཀར་ཞུགས་ནས་ཡུན་རིང་མ་སོང་བར་བློ་བཟང་ཕུན་ཚོགས་ཀྱིས་གནད་དོན་དེར་དོ་སྣང་བྱུང་།

    2007ལོར། བློ་བཟང་ཕུན་ཚོགས་ཀྱིས་བློ་ཁོག་ཆེན་པོས“ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”བཟོ་རྒྱུའི་འཆར་གཞི་བཏོན་པ་དང་ཆབས་ཅིག དགེ་ཕྲུག་ཁྲིད་ནས“ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”(བོད་ལྗོངས་དུམ་བུ)འཆར་འགོད་བྱེད་འགོ་བརྩམས། 2014ལོར། གཞི་རྩའི་ཇུས་གཞི་བཀོད་ཟིན་ཡང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་མེད།

    2016ལོར། རྒྱལ་ཁབ་ཀྱིས་བར་སྣང་ཁྱབ་ཁོངས་སུ་སྒྱུར་བཅོས་གཏིང་ཟབ་བྱས་པ་དང་ཆབས་ཅིག དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་ཀྱིས། ལྷོ་ནུབ་བར་སྣང་འགྲིམ་འགྲུལ་དོ་དམ་ཅུས་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ལ“ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མའི”བར་སྣང་ཁྱབ་ཁོངས་ཀྱི་ལེགས་སྒྲིག་ཇུས་གཞི་ཡང་བསྐྱར་བཟོ་རྒྱུའི་བླང་བྱ་བཏོན་པ་རེད།

    གནས་ཚུལ་དེ་ཤེས་རྗེས། བློ་བཟང་ཕུན་ཚོགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ལས་དུས་འཕར་མ་བྱས་ནས་ཁྱོན་བསྡོམས་མཁའ་ལམ་གྱི་འགྲོ་ཕྱོགས་ཇུས་གཞི་ཆ་ཚང་12འཆར་འགོད་བྱས་པ་དང་མཐར་ལེགས་གྲས་ཆ་ཚང་གཅིག་བདམས་པ་རེད། ཇུས་གཞི་གཏན་འཁེལ་བྱས་རྗེས། ཁོང་ཚོས་གོང་ཞུའི་རྣམ་གྲངས་དང་བདེ་འཇགས་དཔྱད་དཔོག་སོགས་ལས་དོན་ཁག་11སྒྲུབ་འགོ་ཚུགས་པར་ལམ་ལྷོངས་བྱུང་།

    2018ལོའི་ཟླ་2པར། གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་བྱུང་བའི་རྨང་གཞིའི་ཐོག“ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”དངོས་སུ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ་དང་། 2018ལོའི་ཟླ་3ཚེས་1ཉིན། བོད་ལ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་53འཁོར་བ་དང་ཏག་ཏག་འཁེལ་བས“ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”ཚོད་ལྟའི་འཕུར་སྐྱོད་བྱེད་འགོ་ཚུགས། ཟླ་3ཚེས་21ཉིན། ཉིན་20ཡི་ཚོད་ལྟའི་འཕུར་སྐྱོད་བྱས་པ་བརྒྱུད། “ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”དངོས་སུ་ཤར་གཏོང་ཐུབ་པ་རེད།

    བོད་ཀྱི་མི་རྣམས་ལ་རང་ཉིད་ཀྱིས་འཆར་འགོད་བྱས་པའི་མཁའ་ལམ་ཡོད་པ།

    “‘ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ’ནི་དེ་སྔའི་བྱང་ངོས་མཁའ་ལམ་གྱི་རྨང་གཞིའི་ཐོག་མཁའ་ལམ་སྟབས་བདེ་ཞིག་འཆར་འགོད་བྱས་པ་ཙམ་མིན་པར་ལྷོ་ངོས་སུ་མཉམ་གཤིབ་ལམ་ཐིག་ཅིག་བསྐྱར་དུ་འཆར་འགོད་བྱས་ནས་མཁའ་ལམ་གསར་པ་བཏོད་པ་ཞིག་རེད”ཅེས་བློ་བཟང་ཕུན་ཚོགས་ཀྱིས་བཤད། ཁོང་གིས་བོད་ལྗོངས་ཁུལ་གྱི་གནམ་ཐང་འགའི་འགྲོ་འོང་གི་བརྒྱུད་རིམ་དེ་བས་ལེགས་པའི་སྒོ་ནས་སྦྲེལ་མཐུད་ཐུབ་ཆེད། བོད་ལྗོངས་ཁུལ་གྱི་བྱང་ཐིག་B213རྦད་དེ་མེད་པར་བཟོས་ནས་ལྷོ་ངོས་སུ་བསྐྱར་དུ་མཉམ་གཤིབ་མཁའ་ལམ་ཞིག་འཆར་འགོད་བྱས་ཡོད་ཅེས་བཤད།

    “‘ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མའི’90%ཡན་གྱི་ལས་ཀ་བོད་དུ་ཡོད”ཅེས་བློ་བཟང་ཕུན་ཚོགས་ཀྱིས་བཤད་པ་དང་ཁོང་གིས‘ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ’(བོད་ལྗོངས་དུམ་བུ)ནི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ལས་དོན་མི་སྣས་འཆར་འགོད་དང་འཆར་གཞི་བཏིངས་པ་ཞིག་རེད། ཉིན་20ལྷག་ཙམ་གྱི་ལག་ལེན་བརྒྱུད། འཛད་སྤྱོད་པའི་དགོས་མཁོ་དང་ཡོངས་སུ་མཐུན་པས་འཕུར་སྐྱོད་བྱས་རྗེས་དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་འཕྲུལ་ཙུའུ་མང་པོའི་ཚད་མཐོའི་གདེང་འཇོག་ཐོབ་པ་ར་སྤྲོད་ཐུབ་ཡོད་ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། “ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ”དངོས་སུ་ཤར་གཏོང་ཐུབ་པ་དེས་བར་སྣང་གི་མྱུར་བགྲོད་བགྲོད་ལམ་ཤར་གཏོང་ཐུབ་པ་མཚོན་ལ། དེས་འཕུར་སྐྱོད་ཀྱི་བདེ་འཇགས་ཆེས་ཆེར་མཐོ་རུ་ཕྱིན་པ་མ་ཟད། རང་ལྗོངས་སུ་དུས་གཏན་གནམ་གྲུ་གཏོང་ཚད་མང་དུ་གཏོང་བར་རྨང་གཞི་ཡང་བཏིངས་ཡོད་པ་རེད། “དེ་ནི་པེ་ཅིང་ནས་ཁུན་མིང་བར་གྱི་བགྲོད་ལམ་ཆེ་མོ་དང་ཀོང་ཀྲོའུ་ནས་ལན་ཀྲོའུ་བར་གྱི་བགྲོད་ལམ་ཆེ་མོ་ཤར་གཏོང་ཐུབ་རྗེས་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དུ་ལག་བསྟར་བྱས་པའི་བར་སྣང་ཁྱབ་ཁོངས་ཀྱི་ལེགས་སྒྲིག་གལ་ཆེན་གཞན་ཞིག་ཡིན་པ་དེར་ཤུགས་རྐྱེན་གཏིང་ཟབ་དང་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་དེ་ལྟར་གདེང་འཇོག་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།