[ English ] [ 中文 ]
0891-6325020
  • སྡུག་བསྔལ་དང་བདེ་སྐྱིད།

    —— “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཁེ་གསུམ་གྲོང་ཚོའི་ལོ་རྒྱུས་ཀྱི་བྲག་ཆ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-29

    495702_yis_1522216182115_s.jpg

    འདི་ནི་ཟླ་3ཚེས་27ཉིན་ཁེ་གསུམ་གྲོང་ཚོའི་ཕྲུ་གུ་ཚོ་སློབ་འཁོར་ལ་བསྡད་དེ་བུ་བཅོལ་ཁང་ལ་སྐྱོད་གྲབས་ཡོད་པ།

    495703_yis_1522216183020_s.jpg

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་རྒན་རྒོན་ཚོས་ཁེ་གསུམ་གྲོང་ཚོར་ལྟ་སྐོར་བྱེད་པ།

     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ལྷན་གྱི་རྒྱལ་སྒོའི་མདུན་དུ་བསོད་ནམས་དོན་གྲུབ་ཀྱིས་ཞོགས་པ་སྔ་པོ་ནས་ཚ་བོ་སྤེན་པ་བསྟན་འཛིན་བུ་བཅོལ་ཁང་གི་སློབ་འཁོར་ནང་དུ་བསྐྱལ་ཏེ་སློབ་འཁོར་གྱི་རྗེས་ལ་བལྟས་ནས་བསྡད། ས་མཐོའི་ནམ་མཁའ་རྣམ་ཀུན་ལྟར་གཡའ་དག་ཅིང་། ཚ་བོའི་སྐད་ཅོར་སྔར་བཞིན་ཁོང་གི་རྣ་བའི་བུ་གར་ལྷང་ལྷང་དུ་འཁོར། “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་པའི་རྡོ་རིང་འགྲམ་དུ་ལངས་ནས་སྡོད་སྐབས་ཁོང་གི་དྲན་པའི་ཡོལ་བའི་ངོས་སུ་འདས་སོང་གི་བྱ་བ་སྣ་ཚོགས་འཆར།

    ཟླ་3ཚེས་28ཉིན་ནི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོ”རེད།

    ལོ་75ལ་སོན་པའི་བོད་རིགས་རྒད་པོ་ཁོང་གིས་དེ་སྔ་ཡུལ་འདི་ནས་ཞིང་བྲན་ཚོར་ཚེ་སྲོག་གསར་པ་རག་པ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ས་གཞི་དོག་མོ་འདིར་རང་དབང་དང་བདེ་སྐྱིད་མངོན་འགྱུར་བྱུང་བའི་དཔང་པོའང་བྱས་ཡོད།

    སྡུག་བསྔལ།

    [ལོ་རྒྱུས] 1959ལོར། ཁེ་གསུམ་གཞིས་ཀ་ནི་བཀའ་ཤག་སྲིད་གཞུང་གི་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་ལྷོ་ཁར་ཡོད་པའི་གཞིས་ཀ་དྲུག་པོའི་གྲས་ཤིག་ཡིན་པ་དང་ཡར་ཀླུང་གཞུང་དུ་གནས་ཡོད། གཞིས་ཀར་ཞིང་བྲན(ཁྲལ་པ་དང་། དུད་ཆུང་། ནང་གཟན་བཅས་རིགས་གསུམ་དུ་དབྱེ)དུད་ཚང་59དང་མི་302ཡོད་པ་དང་། ལོ་འཁོར་མོ་གཞིས་བདག་གི་ལས་ཀ་བྱེད་པ་དང་ཁྲལ་འུ་ལག་རྒྱུག་དགོས་པར་བརྟེན་ཐོབ་ཐང་དམའ་ལ་འཚོ་བ་ཧ་ཅང་སྐྱོ་པོ་ཡོད།

    [ལོ་ཟླ] བསོད་ནམས་དོན་གྲུབ་སྐྱེས་མ་ཐག་ནས་ཞིང་བྲན་དུ་གྱུར་ཅིང་། ཁོང་གི་དྲན་འཆར་ལ་ཁང་པར་ནམ་ཡང་རླུང་འཛུལ་བ་དང་། གཅེན་གཅུང་མིང་སྲིང་དགུ་པོ་ཚང་མ་སྡེར་ཐང་དུ་རུབ་རུབ་བྱས་ནས་ཉལ་ཏེ་ཉལ་ཆས་ཀྱང་མེད་པར་གྱོན་གོས་ཧྲལ་ཧྲུལ་དང་རྩྭ་རས་སོགས་ཀྱིས་བཀབ་ནས་གྲང་ངར་འགོག་ཐབས་བྱེད་པ། མི་དང་སྒོ་ཕྱུགས་མཉམ་དུ་སྡོད་པ་དང་ཁང་པའི་ནང་དུ་སྒོ་ཕྱུགས་ཀྱི་བཤང་གཅིའི་དྲི་མས་ཁེངས་ཀྱི་ཡོད།

    [བྲག་ཆ] ཧྥ་རན་སེའི་བོད་རིག་པ་མཁས་ཅན་ཨ་ལེགས་སན་དྷར་ཟླ་འོད་ནེལ་གྱིས《གནའ་བོའི་བོད་ལྗོངས་དང་ཀྲུང་གོ་གསར་པ》ཞེས་པའི་ནང་བོད་རྙིང་པར་ཞིང་པ་ཚང་མ་ཚེ་གང་བུ་ལོན་ཟུག་པའི་ཞིང་བྲན་རེད། ཁོང་ཚོའི་ཕྲག་པར་ཁྲལ་རིགས་སྣ་ཚོགས་དང་འུ་ལག་ལྕི་པོ་འཁུར་ཡོད། “མི་ལུས་རང་དབང་ཅི་ཡང་མེད་པ་དང་ལོ་རེ་ལས་ལོ་རེ་མ་འདས་པར་དབུལ་དུ་འགྲོ་ཡི་ཡོད”ཅེས་བྲིས་ཡོད།

    ཚེ་སྲོག་གསར་པ།

    [ལོ་རྒྱུས] 1959ལོའི་ཟླ་3ཚེས་10ཉིན། བོད་ས་གནས་སྲིད་གཞུང་དང་གོང་རིམ་ངོ་ལོག་ཚོགས་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཁྱོན་ཡོངས་ནས་བསླངས་པ་དང་། ཟླ་3ཚེས་28ཉིན་ཀྲུང་དབྱང་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ་བོད་ས་གནས་སྲིད་གཞུང་མེད་པར་བཟོས། རྔམ་བརྗིད་ཆེ་བའི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་ས་མཐོའི་ལེ་དབར་སྟོང་ལ་ཁྱབ་པ་དང་སྦྲགས་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྩ་མེད་དུ་སོང་བ་རེད།

    [ལོ་ཟླ] གཞིས་ཀར་ཡོད་པའི་ལུང་པའི་མི་ཚོས“བཅིངས་འགྲོལ་དམག་སླེབས་སོང་། མི་ཧ་ཅང་ཡག་པོ་འདུག”ཅེས་ལན་འཁྱེར་ཡོང་ཞིང་། གཞིས་ཀར་ལོག་པའི་བསོད་ནམས་དོན་གྲུབ་དང་ནང་མི་ཚོར་དེ་སྔ་བསམ་པའི་ཡུལ་ལའང་འཁོར་མ་མྱོང་བའི་བྱ་བ་བཟང་པོ་ཕྲད་པ་སྟེ། ལས་དོན་རུ་ཁག་གི་འགོ་ཁྲིད་འོག་ཞིང་བྲན་ཚོར་ས་ཞིང་དང་ཁང་པ་བགོ་བགྲེམ་བྱུང་བ་དང་མི་ཁག་གཅིག་ད་དུང་ཞིང་བྲན་བདག་པོའི་གཞིས་ཀར་སྤོ་བའི་བཀོད་སྒྲིག་བྱས།

    “ས་ཞིང་བཙོངས་འཛིན་དང་བུ་ལོན་གན་རྒྱ་མེར་བསྲེགས་པ་རེད། ཟུར་ཁང་ལོག་ཡོང་ནའང་ང་ཚོར་བུ་ལོན་འདེད་པའི་དཔང་རྟགས་མེད། སྐབས་དེ་དུས་ངས་གཞི་ནས་བཅིངས་འགྲོལ་ཐོབ་པ་ཤེས་བྱུང”ཞེས་བསོད་ནམས་དོན་གྲུབ་ཀྱིས་དགོད་བཞིན་བཤད།

    [བྲག་ཆ] 《བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་50》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང“དེ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཀྱི་ཧ་ཅང་གལ་འགངས་ཆེ་བའི་ལེའུ་ཞིག་རེད་ལ། རྒྱལ་སྤྱིའི་ཞིང་བྲན་ལམ་ལུགས་མེད་པར་བཟོ་བའི་ལོ་རྒྱུས་ཀྱི་ངོ་མཚར་ཆེ་བའི་ལེའུ་ཞིག་ཀྱང་རེད། དེ་ནི་མིའི་རིགས་ཤེས་དཔལ་ཡར་ཐོན་གྱི་འཕེལ་རིམ་ཕྱོགས་སུ་སྐྱོད་སྐབས་བསྐལ་པ་མ་སྟོངས་བར་དུ་དར་བའི་རླབས་ཆེའི་བྱ་སྤྱོད་ཅིག་རེད”ཅེས་འཁོད་ཡོད།

    འབད་འཐབ།

    [ལོ་རྒྱུས] 1984ལོར་ཁེ་གསུམ་ཤང་སླར་གསོ་བྱུང་བ་དང་དུས་མཚུངས་ཁྱིམ་ཚང་མཉམ་འབྲེལ་གྱིས་ཐོན་སྐྱེད་བྱེད་པའི་འགན་གཙང་ལམ་ལུགས་ལག་ལེན་བསྟར་བ་རེད། ཁེ་གསུམ་དུ་སྒྱུར་བཅོས་ཀྱི་ཚ་རླབས་ལང་ལོང་དུ་འཕྱུར་བ་དང་དེ་སྔའི་ཞིང་བྲན་གྱི་རྗེས་རབས་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཆེད་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་ཡོད།

    [ལོ་ཟླ] ས་ཞིང་མུའུ་1400ལྷག་ཙམ་ཡོད་པའི་ཁེ་གསུམ་གྲོང་ཚོར་འགན་གཙང་ལམ་ལུགས་ལག་ལེན་བསྟར་རྗེས་ཞིང་ལས་ཐོན་འབབ་རྒྱུན་ཆད་མེད་པར་མང་དུ་སོང་ཡོད། ལོ་22ལ་སླེབས་པའི་གྲོང་མི་ཟླ་བ་སྤྱང་པོ་ཡོད་པར་བརྟེན་ཞིང་དལ་སྐབས་འབྲུ་རིགས་ལྷག་མ་དང་ས་བཞུ་སོགས་འཚོ་བའི་མཁོ་ཆས་ཕྲན་བུ་ཉོས་ཏེ་ཉེ་འགྲམ་གྱི་འབྲོག་ཁུལ་དུ་ཤ་དང་འོ་མ་སོགས་འབྲོག་ལས་ཐོན་ཟོག་དང་བརྗེ་པོ་བརྒྱབ་ནས་ཁྱིམ་གྱི་ཆ་རྐྱེན་ལེགས་སུ་གཏོང་བར་བྲེལ།

    [བྲག་ཆ] 2009ལོའི་ཟླ་3ཚེས་26ཉིན་ཁེ་གསུམ་གྲོང་ཚོ་ཨུ་ལྷན་གྱི་གྲོང་མི་ཚང་མས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་སྤྲིངས་པའི་ཡོངས་བསྒྲགས་འཕྲིན་ཡིག་ནང“ལོ་ངོ་ལྔ་བཅུའི་རིང་གི་བོད་གསར་པར‘གུང་ཁྲན་ཏང་སླེབས་པས་སྡུག་བསྔལ་བདེ་ལ་འཁོད་བྱུང་’ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ང་ཚོ་ཚང་མ་ཐོག་བརྩེགས་ཅན་གྱི་ཁང་པར་སྡོད་རྒྱུ་དང་། གོས་གསར་པ་གྱོན་རྒྱུ། ཟ་མ་ཞིམ་པོ་བཟའ་རྒྱུ། དངུལ་འཛིན་ཡོད་པ་བཅས་བྱུང་། ང་ཚོའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར”ཞེས་འཁོད་ཡོད།

    བདེ་སྐྱིད།

    [ལོ་རྒྱུས] ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁེ་གསུམ་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ཁུལ”སྐྲུན་འགོ་ཚུགས་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་90%ཡན་ཟིན་ཡོད། 2017ལོར་སྡེ་ཁུལ་གྱི་མི་872ཡི་ནང་ནས་མི་300ལྷག་ཙམ་དུས་ཡུན་རིང་པོ་ཕྱིར་གླ་པར་ཕྱིན་པ་ལས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་7000ལས་བརྒལ་བ། ཡུལ་མི་དུད་ཚང་242ཀྱི་ནང་ནས་དུད་ཚང་115ལ་རིགས་ཁག་གི་རླངས་འཁོར་ཡོད་པ། དུད་ཚང་དབུལ་པོ་17ཚང་མ་དབུལ་སྒྲོལ་ཐུབ་ཡོད།

    [ལོ་ཟླ] ཁེ་གསུམ་གྲོང་ཚོ་ཨུ་ལྷན་གྱི་གྲོང་ཚོའི་རྒྱ་ཆེ་ཞིང་ཁོད་སྙོམས་པའི་ལམ་དུ་སྐྱོད་སྐབས་གཞོགས་གཉིས་སུ་ཚོང་ཁང་དང་ཇ་ཁང་བཅུ་གྲངས་ཡོད། དུད་ཚང་དུ་སྐྱོད་སའི་ཨར་འདམ་ལམ་གཙང་ལ་གྲལ་སྒྲིག་པ། བོད་བཟོའི་ཁང་པའི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། སྲང་ལམ་གྱི་མི་རྣམས་ལྕོག་ཙེར་མཐའ་བསྐོར་ནས་བསྡད་དེ་ཕན་ཚུན་དགའ་སྤྲོའི་ངང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་ཡོད།

    “ཁེ་གསུམ་གྲོང་ཚོའི‘དུས་ཐུང་ལོ་ངོ་བཅུ་གྲངས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི’འཕོ་འགྱུར་ལ་ལྟ་སྐབས། མི་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེན་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ནི་ཡང་དག་ཡིན་པ་ཚོར་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞུས་ཝུའུ་ཏ་ཡིས་བཤད།

    [བྲག་ཆ] ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས“རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་བསྟུན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་པའི་ཁེ་གསུམ་གྲོང་ཚོར་གྲོང་ཁྱེར་ཉེ་འདབས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་སྐོར་རིག་གནས་མཉམ་འདྲེས་ལ་མཐོང་ཆེན་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་ཀྱི་གོ་སྐབས་ཕྲད་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྔོན་སྐྱོད་ཀྱི་གྲོང་ཚོ་དང་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་འགྱུར་ངེས་ཡིན་ལ། ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་བོད་དུ་བདེ་བླག་ངང་ལག་ལེན་བསྟར་བའི་མཚོན་བྱེད་ལྟ་བུ་ཞིག་ཏུའང་འགྱུར་ངེས་རེད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།