[ English ] [ 中文 ]
0891-6325020
  • དོན་སྙིང་ལྡན་པའི་དུས་ཆེན་ཞིག།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-17

    ང་རང་བཅའ་སྡོད་གྲོང་ཚོར་སླེབས་ནས་ཉིན་ཉི་ཤུ་ཙམ་ལས་ཕྱིན་མ་སོང་། ཉིན་འདི་དག་རིང་གྲོང་ཚོའི་དབུལ་སྐྱོར་ལས་དོན་ཁག་ལེགས་གྲུབ་ཐུབ་ཕྱིར། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ལྟ་བ་དང་གྲོང་མི་ཚོར་བཀའ་འདྲི་ཞུ་བ། དེ་བཞིན་དུད་ཚང་རེ་རེར་བསྐྱོད་ནས་གནས་ཚུལ་གསལ་རྟོགས་བྱེད་པ་སོགས་ཉིན་རེའི་ལས་དོན་ཁག་འཐུས་ཤོར་མེད་པར་བསྒྲུབས། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དུས་ཚོད་ལྷག་མ་རྣམས་དཔེ་དེབ་ལྟ་ཀློག་ལ་རོལ། ནམ་རྒྱུན་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲིའི་ལས་ཀ་ཕུད་ལས་ཞོར་གྱི་དུས་ཚོད་ཕལ་ཆེ་བ་འདུ་འཛིའི་དབང་དུ་སོང་ནས་དཔེ་དེབ་ལྟ་བའི་ཁོམ་པ་ཤིན་ཏུ་དཀོན། ད་རེས་གྲོང་ཚོར་བཅའ་སྡོད་བྱེད་རིང་རང་གི་ལྟ་འདོད་པའི་རྣམ་ཐར་སྐོར་གྱི་དཔེ་ཆ་འགའ་ལྟ་ཀློག་བྱ་རྒྱུའི་འཆར་གཞི་བཏིངས།

    དེ་རིང་ནི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་དེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་རེད། དེ་ཡང་སྤྱི་ལོ་2009ལོའི་ཟླ་1ཚེས19ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་བཞིན་ལོ་ལྟར་གྱི་ཟླ་3པའི་ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱུང་གཤིས། འདས་པའི་དུས་ཀྱི་མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་ཏེ་སྤྱི་ཚོགས་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་དང་བཤུ་གཞོག་འོག་མི་སེར་ཚོས་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་་དགོས་པ་དང་། སྤྱི་ཚོགས་གསར་པར་མི་རྣམས་རང་ཁྱིམ་རང་བདག་གིས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུ་བྱུང་བ་ཀུན་གྱི་མཐོང་ཆོས་སུ་གྱུར་པས། གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཀྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་མུས་ཡིན་ལ། ང་ཚོའི་གྲོང་ཚོས་ཀྱང་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་དྲན་གསོ་ཞུ་འོས་པའི་དེ་རིང་གི་དོན་སྙིང་ལྡན་པའི་ཉིན་མོ་འདི་ལ་བསུ་བ་ཞུས།

    ཞོགས་པའི་ཉི་གཞོན་གྱིས་སྲོག་ལྡན་ཀུན་ལ་ལང་ཚོའི་གསོན་ཤུགས་གསར་པ་ཞིག་སྦྱིན། གྲོང་ཚོའི་དབུ་ཁྲིད་དང་ཏང་ཡོན་རྣམས་ཞོགས་པ་སྔ་པོ་ནས་གྲོང་ཚོ་ཨུ་ལྷན་དུ་འཛོམས་ཤིང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་བཀོད་འདོམས་འོག་གྲལ་སྟར་སྒྲིག་ནས། ཚང་མས་འདྲེན་བྱེད་ཁོ་བོའི་ཕྱོགས་སུ་གཏད། དེ་མ་ཐག་རྒྱང་བསྒྲགས་ལས་རྔམ་བརྗིད་ལྡན་པའི“བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས”གྲགས་པ་དང་། སྐར་ལྔའི་དར་དམར་ཡང་ཁོ་བོའི་ལག་ནས་དར་ཤིང་བརྒྱུད་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ཏེ་དལ་བུ་དལ་བུར་ཇེ་མཐོ་ནས་ཇེ་མཐོར་འཕགས། མཐར་ཐོག་བརྩེགས་གཉིས་ལྷག་ཡོད་པའི་དར་ཤིང་གི་རྩེ་མོར་ལྷབ་ལྷུབ་ཏུ་གཡོ། རྒྱལ་དར་སྒྲེང་བའི་བྱེད་སྒོས་སྣེ་དྲངས་ཏེ་དེ་རིང་གི་ལེ་ཚན་རྣམས་འགོ་ཚུགས་པ་དང་དུང་ལྷ་གྲོང་ཚོའི་ཁོར་ཡུག་ཀུན་ཏུ་དགའ་སྤྲོའི་རྣམ་པས་རབ་ཏུ་ཁེངས།

    ཆུ་ཚོད་བཅུ་པ་ཙམ་ལ་གྲོང་མི་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་གྲོང་ཚོ་ཨུ་ལྷན་དུ་འདུས་ཤིང་། རང་རང་གི་མཐོང་ཐོས་མྱོང་གསུམ་གླེང་བཞིན་དར་ཅིག་ཁོར་ཡུག་ཧྲིལ་པོ་དགོད་སྒྲས་ཡོངས་སུ་མྱོས། དེ་ནས་བཀོད་སྒྲིག་བཞིན་ཁོ་བོས་ཚོགས་འདུ་གཙོ་སྐྱོང་བྱས་ཏེ། དེ་རིང་ཉིན་མོའི་བྱེད་སྒོ་ཁག་ངོ་སྤྲོད་དང་ལྷག་དོན་བདེ་འཇགས་ཐད་དོ་སྣང་བྱ་དགོས་པའི་གནད་དོན་ཁག་ཅིག་ནན་བཤད། དེ་བཞིན་བྱེད་སྒོར་ཞུགས་མཁན་ཚོར་ཡིད་གཟབ་བྱ་དགོས་པའི་སྐོར་སོགས་གཏམ་བཤད་རགས་བསྡུས་བྱས་པ་དང་། དེ་ནས་དེ་རིང་གི་བྱེད་སྒོའི་ལེ་ཚན་གཉིས་པ་སྟེ་ཀྲུའུ་རེན་རྒན་པས་སྤྱི་ཚོགས་གསར་རྙིང་སྐོར་གྱི་གཏམ་བཤད་གནང་འགོ་ཚུགས། ཁོང་ལ་རིག་གནས་ཆུ་ཚད་མཐོ་པོ་དེ་ཙམ་མེད་རུང་ཉམས་མྱོང་ཕུན་སུམ་ཚོགས་ལ། ཁོང་གི་གཏམ་བཤད་ཀྱི་ནང་དོན་གསོན་ཉམས་དོད་པས་རྣ་བར་སྙན་ལ་ཡིད་ལ་ཟུག་པ། རང་གི་མྱོང་བ་དང་དེང་གི་མིག་མཐོང་ལག་ཟིན་གྱི་སྤྱི་ཚོགས་ཀྱི་འགྱུར་ལྡོག་དག་སྒྲོ་སྐུར་སྤངས་ཏེ་གསུངས་པས་ཀུན་གྱིས་མ་གྲོས་གཅིག་མཐུན་ངང་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར།

    ཀྲུའུ་རེན་ནས་སྤྱི་ཚོགས་གསར་རྙིང་སྐོར་གྱི་གཏམ་བཤད་གནང་བ་དེས་འདིར་ཕེབས་གྲོང་མི་ཀུན་ལ་སྤྱི་ཚོགས་གསར་རྙིང་གི་ཤེས་བྱ་མང་པོ་རྒྱུས་ལོན་བྱུང་བ་ནི་གྲོང་མི་ཚོའི་དགའ་བའི་འཛུམ་ཕྲེང་དང་མོས་པའི་རྣམ་འགྱུར་ལས་ཀྱང་རྟོགས་ངེས།

    རྟ་བདུན་གྱི་བུ་མོས་དགུང་སྔོན་དབྱིངས་ནས་འཛུམ་པའི་ཟེར་བརྒྱ་ངོམས་དུས་ང་ཚོས་ཀྱང་ཐག་འཐེན་དང་པང་འདེགས་ཀྱི་འགྲན་བསྡུར་སྤེལ་འགོ་ཚུགས། ཐོག་མར་ཚོགས་ཆུང་བཞི་པོའི་ཐག་འཐེན་འགྲན་བསྡུར་ནང་འགྲན་ཞུགས་པ་རྣམས་ཀྱི་དཔའ་ཉམས་དང་རང་ལ་རྒྱལ་ཁ་ཐོབ་པའི་ཡིད་ཆེས། དེ་བཞིན་རྡོག་རྩ་སྒྲིལ་པོའི་ཐག་པ་འཐེན་སྟངས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན”པའི་དགེ་མཚན་མངོན་པར་བྱེད། ལུས་པོ་ཅུང་རྒྱགས་ཤིང་སྐྲ་ལོ་ཐུར་དུ་དཔྱངས་པའི་ཨ་མ་རྒན་མོ་དང་ཐག་འཐེན་ཉམས་མྱོང་གིས་ཕྱུག་པའི་ཨ་ཁུ་དག་གི་རྣམ་འགྱུར་ལས། ཁོང་ཚོ་ནི་བྱ་དངོས་གང་ལའང་ཅི་འདྲའི་སྒམ་ནན་ཆེ་བ་ཞིག་ཡིན་པ་མཚོན་གྱི་འདུག ལྷག་པར་དུ་འགྲན་ཕྱོགས་སོ་སོའི་འཐེན་ཤུགས་ལ་སྐུལ་མ་གནང་མཁན་ནི་ཅི་འདྲའི་གྲུང་ཤ་དོད་པ་ཞིག་རེད་འདུག་ཨང་། དེ་བས་གཡས་གཡོན་དུ་འཁོར་བའི་ལྟད་མོ་བའི་འདྲེན་བྱེད་ཀྱི་དབང་པོ་ཡོངས་སུ་འཕྲོག་པར་བྱེད་ཅིང་འགྲན་བསྡུར་ཡོངས་ལ་སྒུལ་ཤུགས་ལྷག་མ་སྦྱིན་མཁན་གྱི་དགུང་ལོ་དྲུག་ཅུར་བརྒལ་བའི་རྒན་རྒོན་ཉི་མ་ལགས་ཀྱི་སྐད་གསང་མཐོན་པའི་སྒུལ་ཤུགས་དེས་འགྲན་ར་ཡོངས་ལ་དཔའ་ཉམས་དམིགས་བསལ་ཞིག་སྦྱིན་སོང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།