[ English ] [ 中文 ]
0891-6325020
  • མི་ཚང་མ་དུས་རབས་གསར་པའི་འབད་འཐབ་མཁན་རེད།

    ཞི་ཅིན་ཕིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་གླེང་ཐེངས་དྲུག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-04-03

    “དུས་རབས་གསར་པ་ནི་མི་ཚང་མར་དབང་བ་ཞིག་ཡིན་པས། མི་ཚང་མ་ནི་དུས་རབས་གསར་པའི་དཔང་པོ་བྱེད་མཁན་དང་། གསར་གཏོད་པ། འཛུགས་སྐྲུན་མཁན་བཅས་རེད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱས་ཚེ། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་ཕུགས་འདུན་མངོན་འགྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ ”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཀྱི་སྙིང་སྟོབས་སྐོར་ལ་འགྲེལ་བཤད་གཏིང་ཟབ་བསྐྱོན་ནས་ཀྲུང་གོ་མི་དམངས་ལ་སྤྲོ་བ་ཆེན་པོས་བསྔགས་བརྗོད་གནང་བ་དང་སྦྲགས། མི་དམངས་དུང་ཕྱུར་དུ་མས་འབད་འབུངས་སྟོབས་བརྩོན་ངང་དུས་རབས་གསར་པར་སྐྱོད་དགོས་པའི་འབོད་སྐུལ་ཡང་གནང་བ་རེད། རྔ་རྡུང་རྒྱང་སྐྱོད་བྱེད་པ་ནི་དཔུང་འཇུག་བྱེད་པའི་སྐུལ་སློང་བཀའ་རྒྱ་ཡིན་པ་དང་། སྐྱ་འཕྱར་གཡོར་སྒྲེང་བྱེད་པ་ནི་མདུན་སྐྱོད་བྱེད་པའི་རུབ་འཛོམས་དུང་བརྡ་བསྒྲགས་པ་ཞིག་རེད། གསུང་སྒྲ་དག་ཅིང་གསལ་ལ་བརྗིད་པའི་ཉམས་དང་ལྡན་པས་ཀྲུང་ཧྭའི་བུ་ཕྲུག་གིས་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་གཏོད་ལ་ལྕག་སྐུལ་ཐེབས་ཡོད།

    སྐྱེ་སྟོབས་ཀྱིས་དཔལ་འབར་བའི་དུས་རབས་གསར་པ་ང་ཚོའི་མདུན་དུ་སླེབས་ནས་ང་ཚོས་རང་ཉིད་ལ་དབང་བའི་ངོ་མཚར་གཏོད་རྒྱུ་བསྒུགས་ནས་བསྡད་ཡོད། དམངས་འཚོའི་ཞན་ཆ་གསབ་པ་ནས་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་གཏོང་བའི་བར་དང་། གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ་ནས་སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བའི་བར་དུས་རབས་གསར་པས་ང་ཚོའི་འབད་འཐབ་ལ་འདེགས་སྐྱོར་ནུས་ལྡན་ཞིག་བྱས་ཤིང་། “ཧྲུའུ་ཅི་དང་པོ”ཁྲི་20ཙམ་དབུལ་སྒྲོལ་གྱི་འཐབ་ས་མདུན་མར་ཞུགས་པ་དང་། ཆ་སྙོམས་ལོ་ཚད་ལོ་30ཙམ་ལ་སླེབས་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་པས་ཕུགས་འདུན་རླབས་པོ་ཆེ་དང་དུ་བླངས་པ། ལུས་རྩལ་པ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་ཚོས་གཟི་བརྗིད་ལྡན་པའི་ངང་གསེར་གྱི་རྟགས་མ་བརྩོན་ལེན་བྱས་པ་སོགས་རླབས་ཆེན་གྱི་དུས་རབས་འདི་མི་ཚང་མར་དབང་བས་ཚང་མའི་འདུན་པ་ཆུད་ཟོས་སུ་གཏོང་མི་སྲིད། དུས་རབས་ཀྱིས་ང་ཚོར་ཕུགས་འདུན་དོན་གཉེར་གྱི་འགྲོ་ལམ་དུ་འབད་འཐབ་ཀྱི་རླུང་གཡོར་འདེགས་པ་དང་བརྩོན་འགྲུབ་ཀྱི་སྐྱ་བ་བརྟན་པོར་བཟུང་ཚེ། མི་ཚེའི་ངོ་མཚར་གཏོད་པའི་གར་སྟེགས་ཤིག་རྙེད་ཐུབ། “ཕུགས་འདུན་དང་། གོ་སྐབས། འབད་བརྩོན་བཅས་ལྡན་ཚེ། མཛེས་སྡུག་མཐའ་དག་སྐྲུན་མི་ཐུབ་པ་མེད་པའི”ཡིད་ཆེས་བརྟན་དུ་བཏང་ཡོད།

    དེ་རིང་གི་འབད་འཐབ་ཀྱིས་ཕྱི་ཉིན་སྐྱོད་པའི་ལམ་གྱི་རྨང་གཞི་འདིང་ཐུབ། 2020ལོ་ནས་2030ལོ་བར་དང་། དེ་ནས་2050ལོ་བར་རླབས་ཆེན་གྱིས་དམིགས་ཚད་ཀྱི་མདུན་དུ་འབོད་སྐུལ་བྱེད་པ་དང་བརྗིད་ཆེའི་རྒྱང་སྐྱོད་ཀྱི་ལམ་བུ་རྐང་འོག་ཏུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་ཐག་ད་དུང་རིང་པོ་ཡོད་ཀྱང་དུས་ཚོད་ཀྱིས་མི་མི་སྒུག་པས་ལྷོད་གཡེང་ཏིལ་འབྲུ་ཙམ་ཡང་གཏོང་མི་ཉན་པའི”བཀའ་སློབ་ནན་ཏན་གནང་བ་ལྟར་ང་ཚོར་ངལ་ཅུང་ཟད་གསོ་བའི་དུས་ཚོད་དང་ཅུང་ལྷོད་པོར་སྡོད་པའི་གནས་མེད་པས་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་མུ་མཐུད་དར་སྤེལ་བཏང་ནས་ཤུགས་སྐྱེད་པ་དང་། བློ་རྩེ་སྒྲིམ་པ། ངར་ཤུགས་འཕེལ་བའི་སྒོ་ནས་བྱ་བ་ཏན་ཏིག་སྒྲུབ་པ་མཐའ་འཁྱོངས་བྱེད་དགོས།

    ཨེན་ཀེ་སིས་མི་རྣམས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་བྱེད་སྒོ་ནི་མཉམ་འགྲོའི་མཐའ་བཞིའི་དབྱིབས་ལྟ་བུའི་ཤུགས་ཀྱིས་གྲུབ་པའི་མཉམ་ཤུགས་སྤྱི་འདུས་ཤིག་ཡིན་ཞེས་གསུངས་མྱོང་ཡོད། མཐུན་སྒྲིལ་འབད་འཐབ་བྱས་ན་རི་འགུལ་མཚོ་འཁྱོམ་བྱེད་ཐུབ་པ་དང་། ཀུན་སེམས་གཅིག་འགྲིལ་ཐུབ་ན་འབྱུང་འགྱུར་ལ་རེ་བ་ལྡན་པས། མི་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གྱིས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ལ་བསྒྲིལ་ཚེ་ཆུ་ཕྲན་གྱིས་རྒྱ་མཚོ་གྲུབ་པ་དང་བྱེ་མས་བྱེ་ཕུང་གྲུབ་ནས་དུས་རབས་གསར་པར་དབང་བའི་འོད་སྟོང་འབར་བའི་ལེའུ་ཞིག་རྩོམ་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།