[ English ] [ 中文 ]
0891-6325020
  • གུང་ཁྲན་ཏང་མེད་ན་བོད་གསར་པ་མེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། ལྷག་པ་ཚེ་རིང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-30

    ངའི་མིང་ལ་ལྷག་པ་ཚེ་རིང་ཟེར་གྱི་ཡོད། ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྲོང་ཚོ་ཨུ་ལྷན་གྱི་གྲོང་མི་ཞིག་ཡིན་ལ། ཡར་ལངས་ཞིང་བྲན་གྱི་རྗེས་རབས་པ་ཞིག་ཀྱང་ཡིན། དེ་རིང་གི་བཞུགས་མོལ་ཚོགས་འདུའི་ཐོག་ཚང་མ་དང་མཉམ་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་རྒྱུ་བྱུང་བར་གཟི་བརྗིད་ཆེན་པོ་ཡིན་སྙམ་གྱི་འདུག

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོ་ཞིང་བྲན་བདག་པོའི་གཉའ་གནོན་འོག་ཉིན་མཚན་མེད་པར་ངལ་རྩོལ་བྱས་ཏེ་ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་བྱུང་བ་དང་། སྨག་རུམ་མུན་ནག་གི་བཙོན་ཁང་དུ་མནར་གཅོད་མྱངས་པ་མ་ཟད་རང་དབང་ནི་དེ་བས་གླེང་ཐབས་བྲལ། ངའི་མེས་པོ་རྣམས་ཀྱི་ལས་དབང་ཡང་དེ་ལྟ་བུ་རེད། ད་ལྟའི་ཆར་གཟིགས་དང་། རྒན་རྒོན་ཚོ་བག་ཕེབས་ངང་ཞོགས་སྦྱོང་ལ་འགྲོ་བ་དང་། བྱིས་པ་ཚོ་སྤྲོ་སེམས་འཁོལ་བའི་དགོད་སྒྲའི་ཁྲོད་བདེ་ཐང་ངང་འཚར་ལོངས་ཡོང་བ། གཞོན་ནུ་རྣམས་རང་སོའི་ལས་གནས་སུ་སྤྲོ་སྣང་དོད་པོས་ལས་ཀ་བྱེད་པ། ས་སྲོས་མཚམས་སུ་སྡེ་ཁུལ་གྱི་ཐང་ཆེན་དུ་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འདུས་ནས་དགའ་སྤྲོ་འཁོལ་བའི་སྒོར་གཞས་འཁྲབ་སྟེ་མི་ཚང་མའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་བྱེད་ཀྱི་ཡོད། བསྡུར་བ་བྱས་པ་བརྒྱུད། ངས་བོད་རྙིང་པའི་གདུག་རྩུབ་དང་མུན་ནག་ལ་ངོས་འཛིན་ཟབ་མོ་ཐུབ་བྱུང་། 1959ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོའི་མེས་པོའི་སྣེ་ཁྲིད་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་ལོ་ངོ་བརྒྱ་ཕྲག་གི་འཆིང་རྒྱ་ལས་བསྒྲལ་བ་དང་། ང་ཚོའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། དོན་དངོས་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་བོད་གསར་པ་མེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་བོད་སྐྱོབ་མི་ཐུབ་པ་དང་བོད་འཕེལ་རྒྱས་གཏོང་མི་ཐུབ་པ་ར་སྤྲོད་ཐུབ་ཡོད།

    ང་ཞོལ་སྡེ་ཁུལ་ཚོགས་ཆུང་7པར་ལོ་20ལྷག་ཙམ་འཚོ་བ་བསྐྱལ་ནས་བསྡད་པ་ཡིན། ལོ་འདི་དག་རིང་ངས་ལྷ་སའི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་། ལམ་བུ་སྔར་བས་བདེ་བ་དང་། རི་བོ་སྔར་བས་སྔོ་བ། ལྷ་སའི་སྐྱིད་ཆུ་སྔར་བས་དྭངས་སུ་ཕྱིན་པ་དང་སྦྲགས། བྱེ་རླུང་ཉུང་དུ་ཕྱིན་པ་མ་ཟད་མཁའ་རླུང་ཡང་གཙང་དུ་ཕྱིན་སོང་། ལོ་འདི་དག་རིང་སྡེ་ཁུལ་དུ་རང་བྱུང་སོལ་རླངས་འཁྲིད་པས་དྲོད་རླངས་གཏོང་བ་དང་ལྟོ་ཆས་བཟོ་སྐབས་གང་ཅིའི་ཐད་སྟབས་བདེ་རུ་ཕྱིན་སོང་། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག གློག་བརྟན་པོ་མེད་པ་དང་། སྡེ་ཁུལ་གྱི་སྒྲིག་ལམ་ཞན་པ། ཁྲོམ་གཞུང་དུ་ཆུ་འཁྱིལ་བ་སོགས་ཀྱི་དུས་ཡུན་རིང་པོར་ང་ཚོའི་འཚོ་བར་འགོག་རྐྱེན་བཟོ་བའི་གནད་དོན་རྣམས་ན་ནིང་ཐག་གཅོད་ཐུབ་བྱུང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་གཞི་རིམ་མང་ཚོགས་དང་འབྲེལ་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་དོན་ཐོག་ཏུ་འཁྱོལ་བ་དང་། འཚོ་བའི་ཁོར་ཡུག་སྔར་བས་མཛེས་སུ་ཕྱིན་པ། འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཉིན་མོ་སྔར་བས་ཐག་ཉེ་རུ་སོང་བ་བཅས་ང་ཚོར་སེམས་གཏིང་ནས་ཚོར་གྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།