[ English ] [ 中文 ]
0891-6325020
  • མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད། (གནད་བསྡུས)

    (2018ལོའི་ཟླ་3ཚེས་28ཉིན) བློ་བཟང་རྒྱལ་མཚན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-30

    496142_yis_1522301423269_s.jpg

    ཟླ་3ཚེས་28ཉིན་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ་ཚོ།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་མཚམས་སུ། རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་འདི་གར་དགའ་འཛོམས་བྱས་ནས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བའི་དྲན་གསོའི་ཉིན་མོར”སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། སྐབས་འདི་དང་བསྟུན་ནས་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་ལས་བཟོ། ཤེས་ཡོན་ཅན་བཅས་དང་དེ་བཞིན་རང་རེའི་ཏང་དང་བློ་སེམས་གཅིག་མཐུན་དང་། བདེ་སྡུག་མཉམ་མྱོང་། ཕྱར་བ་གྲུ་འདེགས། འབད་འབུངས་མདུན་སྐྱོད་བཅས་བྱེད་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན་ལ་སྨོན་འདུན་བཟང་པོའང་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ་བཅས་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། དེ་བཞིན་བོད་ཀྱི་བྱ་གཞག་ཁག་དང་འཕེལ་རྒྱས་ཡར་ཐོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ད་ལྟ་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ལྔས་རང་ཉིད་ཀྱི་མྱོང་བ་དང་ཟུང་འབྲེལ་དང་བོད་གསར་རྙིང་བསྡུར་བའི་ཐོག་ནས་ལྷག་བསམ་ཟོལ་མེད་ཀྱི་གཏམ་བཤད་སྤེལ་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་གདུག་རྩུབ་དང་རུལ་སུངས་ཉམས་རྒུད་དམར་རྗེན་དུ་བཏོན་པ་དང་འབྲེལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཐོབ་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་རླབས་ཆེན་གྲུབ་འབྲས་ལ་དགའ་སྤྲོ་འཁོལ་བའི་ངང་བསྟོད་གླུ་ཕུལ་ཏེ་ནམ་ཡང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་མཉམ་དུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་ཡོད། ཚང་མའི་གཏམ་བཤད་གསོན་ཉམས་དོད་པ་དང་ཡག་པོ་བཤད་སོང་། དེ་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་རེ་འདུན་བཟང་པོ་གང་ལེགས་མཚོན་ཡོད།

    ལོ་59ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་བཅས་བརྒྱུད་ནས་མུན་ནག་ནས་འོད་ཟེར་ཕྱོགས་སུ་སྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ་སྐྱོད་པ། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་སྐྱོད་པ། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་སྐྱོད་པ། བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས་སྔར་བྱུང་མྱོང་མེད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལོ་རྒྱུས་ཐོག་ཐེངས་དང་པོ་བྱས་ཡོད། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བར་གྱི་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ཡར་ལངས་ཞིང་བྲན་ཧ་ཅང་མང་པོ་ཞིག་དང་ཁོང་ཚོའི་རྗེས་རབས་པ་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། 2017ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1310.6ཟིན་ནས་ལོ་25བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10330ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30671ཟིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཆེད་དོན་བརྟག་དཔྱད་འབྲས་བུ་ལས་མངོན་གསལ། མང་ཚོགས་ཀྱིས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་ཚད་97%ཟིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཡིད་ཆེས་བྱེད་ཚད་97.3%ཟིན་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ནས་ཞིང་ནང་འཕྲུལ་ཆས་ཅན་གྱི་ཕྱོགས་བསྡུས་ལས་ཀ་བྱེད་ཚད་60.2%ཟིན་པ་དང་། སྒྲིག་ཚུད་གྲོང་ཚོ་99%ལ་གཞུང་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9ཟིན་པ། རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་660ཟིན་པ། མཚོ་བོད་ལྕགས་ལམ་གཞིས་རྩེ་བར་སྣུར་སྲིང་བྱས་པ། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་དུམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ། རྒྱལ་ཁབ་ཕྱི་ནང་དུ་མཁའ་ལམ་79བར་མང་དུ་ཕྱིན་པ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། གློག་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་309ཟིན་ནས་གློག་དྲ་གཙོ་བོ་རྫོང(ཆུས)62ལ་ཁྱབ་པ་བཅས་བྱུང་ཡོད། སྒྲིག་ཚུད་གྲོང་ཚོའི་སྒུལ་བདེའི་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ་དང་། དྲ་ཆེན་ཁྱབ་ཚད་85%ཟིན་ཡོད། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་མགྱོགས་མྱུར་ཁྱབ་གདལ་བྱུང་བ་དང་རྨང་གཞིའི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཕྱིན་ཡོད། ལྗོངས་ཡོངས་ཀྱི་རྫོང་51ལ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་ཐོབ་ནས་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་སློབ་མ་ཞུགས་ཚད་99.5%དང་99.3%སོ་སོར་ཟིན་པ་དང་། ཞིང་འབྲོག་པའི་བུ་ཕྲུག་སློབ་ཆེན་དུ་རྒྱུགས་འཕྲོད་ཚད་70%ལྷག་ཙམ་ཟིན་ཡོད། གཞི་རྩའི་སྨན་བཅོས་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་མི་སྟོང་རེར་ནད་ཁྲི་4.5རེ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་4.6ཡོད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་སྤྱིར་བསྐྲུན་ཟིན་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་། ཉམས་ཞན་ཚོགས་སྤྱིར་དམིགས་བསལ་གྱི་བྱ་ཐབས་སྤྱད་པ། འདོད་མོས་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་དུད་ཚང་ལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་སྔོན་ལ་མངོན་འགྱུར་བྱུང་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ས་ཁུལ(གྲོང་ཁྱེར)7གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་པོ་ཡིན་ཚད་95%ཡན་ཟིན་ཡོད། སྣོད་བཅུད་མ་ལག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད། ལོ་60ཙམ་གྱི་འཕེལ་རྒྱས་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ནས་སྐྱོན་བྲལ་དང་ཤེས་དཔལ་གྱི་སྤྱི་ཚོགས་དར་སྲོལ་གསར་པ་ཞིག་རིམ་བཞིན་ཆགས་ཡོད།

    ལོ་རྒྱུས་མདུན་སྐྱོད་དང་སྤྱི་ཚོགས་ཡར་རྒྱས་ཡོང་བ་བྱེད་དགོས། དེ་རིང་ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བའི་དམིགས་ཡུལ་ནི་མི་རྣམས་ལ་ལོག་སྤྱོད་ཕྱོགས་གཏོགས་གང་ཞིག་གིས་ཀྱང་བོད་འཕེལ་རྒྱས་ཡར་ཐོན་གྱི་ཆུ་རྒྱུན་འགོག་ཐབས་མེད་པ་དང་། “བོད་རང་བཙན”ཡོང་རེ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུའི་ལྐོག་གཡོའི་ངན་ཇུས་ཚང་མ་ཕམ་ངེས་ཡིན་པ་ཁྱབ་བསྒྲགས་བྱ་རྒྱུ་དེ་ཡིན། བོད་ལྗོངས་ནི་ནམ་ཡང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་བོད་ལྗོངས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བོད་ལྗོངས་ཡིན་པས་སྐར་ལྔའི་དར་དམར་ནམ་ཡང་གངས་ལྗོངས་ས་མཐོ་འདིའི་ཐོག་ལྷབ་ལྷུབ་ཏུ་གཡོ་ངེས་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་གྱི་མཛད་ཇུས་གལ་ཆེན་གཏན་འཁེལ་གནང་ནས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    གཅིག་ནས། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་འགལ་ཟླ་ནི་དེང་གི་དུས་མཚམས་ཀྱི་བོད་ཀྱི་སྤྱི་ཚོགས་སུ་ཡུན་རིང་གནས་པའི་དམིགས་བསལ་གྱི་འགལ་ཟླ་ཞིག་རེད། ཁ་ཕྲལ་དང་ཕྱིར་བཤོལ་ནི་མིའི་བློ་ལ་མི་བབ་པ་ཞིག་རེད། ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་ཀྲུང་གོ་ནས་ཁ་གཏན་ནས་འབྲལ་དུ་མི་འཇུག་ལ་ཁ་ཕྲལ་ཡང་མི་ཐུབ། ང་ཚོས་དར་ཆ་གསལ་སྟོན་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་གྱིས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་གཤོམ་པའི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་བ་ཁོང་དུ་ནན་པོ་ཆུད་པ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཞི་ཚུགས་ས་དང་ཤུགས་རྒྱག་གཞིར་དམིགས་པ། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། མ་བྱུང་སྔོན་འགོག་རྩ་དོན་དུ་འཛིན་པ། གནད་དོན་ཆེན་པོ་མ་བྱུང་སྔོན་འགོག་རྨང་གཞིར་འཛིན་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ནུས་ལྡན་བྱེད་པ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    གཉིས་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་བོད་ཀྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ནི་དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། སྤུས་ཚད་ཨང་དང་པོ་དང་ལས་ཕྱོད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་འཛིན་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་སྣེ་ཁྲིད་དུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་བཅས་བྱས་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་དང་། ནུས་རྒྱུ་མཁོ་འདོན་མ་ལག ཆ་འཕྲིན་འདེགས་སྐྱོར་མ་ལག་བཅས་སྐྲུན་དགོས། དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་བཏང་ནས་སྒུལ་ནུས་གསར་པ་རྒྱ་སྟོབས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུནདགོས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།

    གསུམ་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ང་ཚོས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་ཚད་སྲུང་བ་དང་། གཙོ་གནད་མངོན་གསལ་དོད་པ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྔོན་དཔག་ལ་ཁྲིད་སྟོན་བཅས་བྱས་ནས་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་བརྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཐུབ་པ་བཅས་ལ་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་དབུལ་སྒྲོལ་ཡོང་བར་སྐུལ་འདེད་བཏང་སྟེ་2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་ཐུབ་པའི་འགན་ལེན་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས།

    བཞི་ནས་བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་དེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་ཀྱི་མི་རིགས་ཁག་གི་ཁེ་དབང་འགན་ལེན་གང་ལེགས་དང་། མི་རིགས་ཁག་གི་མི་དམངས་ཀྱིས་ཁྲིམས་བཞིན་རང་ཁྱིམ་རང་བདག་དང་། ཁྲིམས་བཞིན་སྲིད་ཞུགས་སྲིད་གླེང་། ཁྲིམས་བཞིན་མི་རིགས་ལས་དོན་ལ་རང་བརྟེན་དོ་དམ་བཅས་བྱ་རྒྱུའི་འགན་ལེན་བྱེད་དགོས།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ། ལོ་59རིང་འབད་འཐབ་ཀྱི་བརྒྱུད་རིམ་ལ་དྲན་གསོ་བྱེད་སྐབས། ང་ཚོར་སྤོབས་སེམས་ཀྱིས་ཁེངས་ཤིང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀུན་སེམས་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ། གསར་འབྱེད་གསར་གཏོད། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་རྒྱལ་ཁ་བླངས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།