[ English ] [ 中文 ]
0891-6325020
  • ལོ་རྒྱུས་བློ་ལ་བརྟན་པོ་ངེས་པ་དང་འབད་འབུངས་ཡར་བརྩོན་གྱིས་འབྱུང་འགྱུར་གཏོད།

    —— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་སྐབས་སུ་བྲིས་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།    |    སྤེལ་དུས།   2018-03-29

    དཔྱིད་ཟླ་གསུམ་པར་རྩི་ཤིང་ལོ་འདབ་རྒྱས་ཤིང་འདབ་ཆགས་གཤོག་རྩལ་ངོམ་པ་དང་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ང་ཚོས་སྤྲོ་སེམས་ཆེན་པོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་བསུས་ཡོད། ལོ་59ཡི་གོང་དམངས་གཙོའི་བཅོས་སྒྱུར་གྱི་འོད་སྟོང་གངས་ལྗོངས་ས་མཐོར་འཕྲོས་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་བསམ་པའི་རིག་གནས་ཀྱི་ལྕགས་སྒྲོག་གཏོར་བ། བཀས་བཀོད་རྒྱུད་འཛིན་གྱི་ཆབ་སྲིད་གཉའ་གནོན་གྱི་འཆིང་རྒྱ་སྒྲོལ་བ་བཅས་བྱས་པས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ནས་རྒྱལ་ཁབ་དང་། བོད་ལྗོངས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཏེ་བོད་ཀྱི་མི་དམངས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་དང་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་འོད་སྟོང་འབར་བའི་ཀྲུང་གོའི་ལེའུ་བརྩམས་པ་རེད། 

    ལོ་59ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལྡན་པའི་པང་དུ་གངས་ལྗོངས་ས་མཐོར་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་པོ་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། སྒོ་བཀག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་ནས་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་བརྗིད་ཆེའི་རྒྱལ་ཁའི་གླུ་དབྱངས་གྲགས་པ་དང་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། 

    ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱིས་དབུལ་པོ་དབུལ་སྒྲོལ་དང་ཡུལ་ནད་སེལ་འགོ་ཚུགས་ནས་མང་ཚོགས་དབུལ་པོ་ཁྲི་53བརྟན་པོའི་ངང་དབུལ་སྒྲོལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཐོག་མ་དེའི་རྒྱལ་ཁ་བླངས་ཏེ་འཕེལ་རྒྱས་སྤུས་ཚད་མཐོ་བ་དང་འཕེལ་རྒྱས་འགྲོ་མགྱོགས་པའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་གསར་པ་ཆགས་པ། བོད་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་བདེ་སྐྱིད་འཚོ་བའི་འབད་འཐབ་པ་དང་མཉམ་སྤྱོད་པར་གྱུར་ནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་ཡོད།

    འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་པ་དང་ལོ་རྒྱུས་ཀྱིས་འབྱུང་འགྱུར་གསལ་པོར་སྟོན། གྲང་ངར་ཆེ་བའི་དགུན་དུས་འགྲིམས་ཚེ་དཔྱིད་དཔལ་གྱི་དྲོ་སྐྱིད་ལ་གཞི་ནས་གཅེས་སྤྲས་ལྡབ་འགྱུར་བྱེད་སྲིད། མུན་ནག་འགྲིམས་ཚེ་འོད་སྟོང་ལ་གཞི་ནས་གཅེས་སྤྲས་ལྡབ་འགྱུར་བྱེད་པ་ཡིན། གསར་བརྗེའི་སྔོན་བྱོན་པས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ལ་རླབས་ཆེན་འཐབ་རྩོད་བྱས་པའི་བཀའ་དྲིན་ཚོར་ཚེ་ང་ཚོས“རྒྱལ་ཁབ་ནི་ཁྱིམ་ཚང་ཆེ་མོ་ཡིན་པ་དང་ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ངུ་ཡིན་པ”མྱོང་ཚོར་དེ་བས་ཟབ་མོ་ཐུབ། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་ཁྲག་བཞུར་སྲོག་བསྡོས་བྱས་པར་དྲན་གསོ་བྱས་ཚེ་ང་ཚོས“་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”དེ་བས་གསལ་པོར་ངེས་ཐུབ། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་གཞི་ནས་སྐྱོབ་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་ལོ་རྒྱུས་ལས་ར་སྤྲོད་ཐུབ་ཡོད་ལ་མུ་མཐུད་ར་སྤྲོད་ཀྱང་བྱེད་ངེས་རེད། ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་དུས་ཆེན་དེར་དྲན་གསོ་ཞུ་དོན་ནི། མི་རྣམས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཏེ་དངོས་ཡོད་ལ་སེམས་ཤུགས་ཀྱིས་ཁེངས་པ་དང་འབྱུང་འགྱུར་ལ་ཆོད་སེམས་ཀྱིས་ཁེངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མུ་མཐུད་འབད་བརྩོན་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་གཏོད་ཆེད་ཡིན།

    དྲན་གསོ་ཞུ་བ་ནི་མདུན་སྐྱོད་དེ་བས་ལེགས་པ་ཐུབ་ཆེད་ཡིན། རྒྱལ་ཁབ་ཆེན་པོའི་གྲུ་གཟིངས་ལ་གྲུ་གཡོར་བསྒྲེངས་ནས་བསྐྱོད་པར་དེད་དཔོན་དང་ཁ་འབྲལ་ཐབས་མེད། མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུས་ལམ་སྟོན་པ་རེ་འབོད་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་མཁན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་ཕྱོགས་སྟོན་པ། ཏང་ཡོངས་ཀྱིས་བརྩི་བཀུར་དང་། མི་དམངས་ཀྱིས་དགའ་ཞེན་བྱེད་པར་ངོ་གནོང་མི་དགོས་པའི་གཙོ་འཛིན། རྒྱལ་ཁབ་ཀྱི་ངོ་གནོང་མི་དགོས་པའི་དེད་དཔོན་དང་མི་དམངས་ཀྱི་ལམ་སྟོན་པ་ཞིག་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ད་ཆའི་གདེང་ཚོད་ཆེན་པོ་འདི་ལྟ་བུ་ཡོང་མྱོང་མེད་པ་དང་། ད་ཆའི་ཁ་ཕྱོགས་གསལ་པོ་འདི་ལྟ་བུ་ཡོང་མྱོང་མེད་པ། ད་ཆའི་འབད་འཐབ་དམིགས་ཚད་དང་བར་ཐག་ཉེ་པོ་འདི་ལྟ་བུ་ཚོར་མྱོང་མེད། འདི་དག་ཐམས་ཅད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་དང་ལམ་སྟོན་གནང་བ་ལས་བྱུང་བ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་རེད། 

    དུས་རབས་གསར་པར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དུང་བརྡ་གསར་པ་བསྒྲགས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ལྗོངས་ཏང་ཨུད་ཀྱི་ཡང་དག་འགོ་ཁྲིད་འོག་དུས་རབས་གསར་པའི་ཤར་རླུང་དང་འགྲོགས་ནས་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད་པའི་དུས་རབས་གསར་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་དམ་ཟབ་དང་འབད་འཐབ་ཚད་མེད་བཅས་བྱས་ཚེ་དཀའ་ངལ་གང་ཞིག་འཕྲད་རུང་རྣམ་པར་རྒྱལ་ཐུབ་ལ་ངོ་མཚར་གཏོད་མི་ཐུབ་པ་གང་ཡང་མེད་པས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།