[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ལག་རྩལ་གསོ་སྦྱོང་།
  • འདྲུད་འཐེན་འཁོར་ལོའི་གཙོ་གནད་ལྷུ་ལག་གི་བཟོ་བཅོས་དང་བདག་སྐྱོང་བྱེད་ཐབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-04-29

        འདྲུད་འཐེན་འཁོར་ལོ་བེད་སྤྱོད་གཏོང་བའི་རྒྱུད་རིམ་ནང་ལྷུ་ལག་ལྷུག་ཏུ་འགྲོ་བ་དང་། བརྡརཟད་ཐེབས་པ། བཟོ་ལྟ་འགྱུར་བ། ཉམས་ཟདབྱུང་བ། རུལ་བསླད་ཕྱིན་པ་སོགས་ཀྱིས་རྐྱེན་པས་འཕྲུལ་འཁོར་གྱི་ལས་ཀའི་བྱེད་ནུས་སྐྱོ་རུ་འགྲོ་བའམ་ཡང་ན་འགུལ་སྐྱོད་བྱེད་མི་ཐུབ་པར་འགྱུར་ནས་འཕྲུལ་འཁོར་ཧྲིལ་པོའི་ལག་རྩལ་ཐབས་ཤེས་མེད་པར་འགྲོ་བ་དང་སྦྲགས་དེ་མིན་ས་སྣུམ་དང་། འཇམ་འདྲེད་སྣུམ། ཚ་བ་གཅོག་བྱེད་ཆུ། གཤེར་སྣོན་སྣུམ་སོགས་ཀྱིས་ལས་ཀའི་མཚམས་སྦྱོར་གྱི་ནུས་པ་རིམ་བཞིན་ཤོར་ནས་འདྲུད་འཐེན་འཁོར་ལོའི་རྒྱུན་ལྡན་གྱི་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་ལའང་གཏོར་བརླག་ཐེབས་ཐོག་འཕྲུལ་འཁོར་ཧྲིལ་པོའི་ལག་རྩལ་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་གི་ཡོད།

        དེར་བརྟེན་འདྲུད་འཐེན་འཁོར་ལོ་རྟག་ཏུ་ལག་རྩལ་སྣང་ཚུལ་ཡག་པོ་ཞིག་དང་བེད་སྤྱོད་བྱེད་པའི་ཚེ་ཚད་རིང་དུ་གཏོང་ཆེད་ངེས་པར་དུ་འདྲུད་འཐེན་འཁོར་ལོ་ཡང་དག་པའི་ངང་ནས་བཀོལ་སྤྱོད་དང་། བཟོ་བཅོས། ལེགས་སྒྲིག་བཅས་བྱེད་དགོས་ཀྱི་ཡོད། འདྲུད་འཐེན་འཁོར་ལོའི་གཙོ་གནད་ལྷུ་ལག་གི་བཟོ་བཅོས་དང་བདག་སྐྱོང་བྱེད་ཐབས་ཁག་བཅུ་ཡོད་པ་གཤམ་གསལ།

        དང་པོ། མཁའ་རླུང་དྭངས་འཚག་ཡོ་བྱད་(空气滤清器)གི་བདག་སྐྱོང་བྱེད་ཐབས།

        མཁའ་རླུང་དྭངས་འཚག་ཡོ་བྱད་གི་སྦུ་གུ་ཁག་གི་སྦྲེལ་མཐུད་མཚམས་སྦྱོར་གྱི་ཁ་དམ་པོ་ཡོད་མེད་ལ་རྟག་ཏུ་ཞིབ་བཤེར་བྱས་ནས་གཅུད་གཟེར་དང་གཟེར་གདན་སོགས་ལྷུག་པོ་ཡོད་ཚེ་དུས་ཐོག་ཏུ་དམ་པོ་བསྡོམས་དགོས་ཤིང་། ལྷུ་ལག་འགའ་རེར་གལ་སྲིད་སྐྱོན་ཆག་ཡོད་ན་དུས་ཐོག་ལ་བཟོ་བཅོས་རྒྱག་པའམ་ཡང་ན་བརྗེ་པོ་རྒྱག་དགོས།

        སྤྱིར་བཏང་བྱས་ན་བཀོལ་སྤྱོད་ཆུ་ཚོད་100ཙམ་ལ་མཁའ་རླུང་དྭངས་འཚག་ཡོ་བྱད་ལ་གཙང་སྦྲ་ཐེངས་རེ་བྱེད་ཅིང་སྐེམ་པའི་དྭངས་འཚག་ཡོ་བྱད་(干式滤清器)ཀྱི་ཤོག་བུའི་སྡོང་རས་(纸滤芯)གཙང་སྦྲ་བྱེད་སྐབས་ཕག་ཟེ་འཇམ་པོ་ཞིག་གིས་གཙང་ཕྱིས་རྒྱག་པ་དང་དེ་ནས་mpa0.4ནས་0.6བར་གྱི་མཁའ་རླུང་གནོན་གཙིར་གྱི་སྡོང་རས་ནང་ནས་ཕྱི་ངོས་སུ་དྭངས་འཚག་དྲ་བ་དང་། སྣུམ་གསོག་སྡེར་མ། ལྟེ་བའི་སྦུ་གུ་སོགས་ཀྱི་ཡོ་བྱད་ལ་རླུང་དེད་གཙང་སྦྲ་བྱེད་དགོས་ཤིང་། དྭངས་ཚགས་དྲ་བར་རླུང་དེད་བྱེད་པའི་སྐབས་སུ་སྔོན་ལ་ཟིལ་པ་གཙང་དེད་བཏང་ནས་འཕྲུལ་སྣུམ་ཏོག་ཙམ་བྱུག་ཏེ་ལྷུ་སྒྲིག་བྱེད་དགོས། སྣུམ་གསོག་སྡེར་མའི་ནང་ངེས་པར་དུ་དྭངས་འཚག་བྱས་ཟིན་པའི་འཕྲུལ་སྣུམ་བརྗེ་དགོས་ཤིང་། སྣུམ་བླུག་པའི་སྐབས་སུ་སྣུམ་བླུག་མཚམས་ཀྱི་རྟགས་བཀོད་པའི་བར་བླུག་དགོས་པ་དང་རྟགས་དེ་ལས་བརྒལ་བའམ་ཡང་ན་དེ་ལས་དམའ་བ་བྱ་རྒྱུ་མེད་ལ་ལྷུ་སྒྲིག་བྱེད་སྐབས་ཁ་སྡོམ་བྱེད་འགྱིགས་འཁོར་གྱིས་ཁ་དམ་པོ་ཡོང་བ་བྱེད་དགོས།

        གཉིས་པ། རླུང་སྒོ་(气门)བདག་སྐྱོང་བྱེད་ཐབས།

        འདྲུད་འཐེན་འཁོར་ལོའི་བཀོལ་སྤྱོད་ཆུ་ཚོད་800བྱས་ཟིན་མཚམས་སུ་རླུང་སྒོའི་ཁ་དམ་ལྷོད་ལ་བརྟག་དཔྱད་བྱེད་པ་མ་ཟད་རྡུལ་ནག་པོ་དེ་དག་གཙང་ཕྱག་བྱེད་དགོས། འདྲུད་འཐེན་འཁོར་ལོ་ཆུ་ཚོད་1200ཙམ་བཀོལ་སྤྱོད་བྱས་མཚམས་སུ་རླུང་སྒོའི་སྒར་སྣེའི་དམ་ལྷོད་གང་འདྲ་ཡོད་མེད་ལ་བརྟག་དཔྱད་བྱེད་པ་དང་དགོས་པ་ཡོད་ཚེ་རྡར་སྣུར་བྱེད་པའམ་ཡང་ན་ཡོ་བྱད་གསར་རྗེས་རྒྱག་དགོས།

        གསུམ་པ། ཁྲའེ་ཡུའུ་སྣུམ་གྱི་དྭངས་འཚག་ཡོ་བྱད་ལ་བདག་སྐྱོང་བྱེད་ཐབས།

        དྭངས་ཚགས་ཡོ་བྱད་ནང་གི་ཛ་ཛོར་ནི་དུས་ཚོད་རིང་པོ་ཕྱིན་པའི་རྐྱེན་གྱིས་རྒྱུན་མི་ཆད་པར་མང་དུ་འགྲོ་གི་ཡོད་སྟབས། དྭངས་འཚག་ཀྱི་ནུས་པ་སྐྱོ་རུ་འགྲོ་བ་དང་དེ་མིན་གྱི་ལྷུ་ལག་དཔེར་ན་གདན་འཁོར་ཪྙིང་པ་ཆགས་པ་དང་འཕྲོ་བརླག་འགྲོ་བ་སོགས་ཀྱིས་གློག་ཆད་འགྲོ་གི་ཡོད་པ་སྟེ་ཁྲའེ་ཡུའུ་སྣུམ་དྭངས་ཚགས་ཡོད་བྱད་མ་བརྒྱུད་པར་ཐད་ཀར་སྣུམ་འཐེན་འཕྲུལ་འཁོར་ནང་འཛུལ་གྱི་ཡོད། དེར་བརྟེན་ངེས་པར་དུ་བཟོ་བཅོས་བྱེད་སྐབས་གཤམ་གསལ་གྱི་གནད་དོན་ལ་ཡིད་གཟབ་བྱེད་དགོས།

        1.དྭངས་འཚག་ཀྱི་བཅད་ཁ་དང་ལྟེ་བའི་དབར་ལ་ཁ་དམ་པོ་ཡོང་བ་བྱེད་དགོས།

        2.ཤོག་བུའི་དྭངས་འཚག་སྡོང་རས་ལ་གཙང་སྦྲ་བྱེད་སྐབས་ཁྲའེ་ཡུའུ་སྣུམ་ནང་དུས་ཚོད་གང་མཚམས་སྦོང་དགོས་པ་དང་དེ་རྗེས་ཕག་ཟེ་མཉེན་པོ་ཞིག་གིས་གཙང་ཕྱག་རྒྱག་དགོས། ཡང་ན་ཕུ་མདའ་ཞིག་གིས་དྭངས་འཚག་ནང་ཁུལ་ནས་ཕྱི་ངོས་ལ་ཕུ་བརྒྱབ་ནས་ཛ་ཛོར་དེད་དགོས།

        3.དྭངས་འཚག་ཡོ་བྱད་ལྷུ་གཤིག་པ་དང་ལྷུ་བསྒྲིག་བྱས་པ་བརྒྱུད་དེའི་ནང་གི་མཁའ་རླུང་ཚང་མ་མེད་པ་བཟོ་དགོས།

           བཞི་པ། སྣུམ་འཕྱུར་མཆུ་ཏོ་བདག་སྐྱོང་བྱེད་ཐབས།

        སྤྱིར་བཏང་ཐོག་འདྲུད་འཐེན་འཁོར་ལོ་ཆུ་ཚོད་800ཙམ་བཀོལ་སྤྱོད་བྱས་པའི་རྗེས་ལ་སྣུམ་འཕྱུར་མཆུ་ཏོའི་སྣུམ་འཕྱུར་གནོན་ཤུགས་དང་སྣུམ་འཕྱུར་གྱི་སྤུས་ཚད་ལ་བརྟག་དཔྱད་སྙོམས་སྒྲིག་བྱེད་དགོས།

           ལྔ་པ། འཇམ་འདྲེད་མ་ལག་གི་བདག་སྐྱོང་བྱེད་ཐབས།

        1.དུས་ཐོག་ཏུ་འཇམ་འདྲེད་སྣུམ་བླུག་དགོས་པ་དང་ཁྲའེ་ཡུའུ་འཕྲུལ་འཁོར་གྱི་གློག་མ་བླང་གོང་ངམ་ཡང་ན་ལས་ཀ་བྱས་ནས་ཆུ་ཚོད་10ཡན་ཕྱིན་རྗེས་ངེས་པར་དུ་སྣུམ་གྱི་མཐིལ་ཞོང་(油底壳)སྟེང་གི་སྣུམ་གྱི་མཐོ་ཚད་ལ་བརྟག་དཔྱད་བྱེད་དགོས།

        2.དུས་ཚོད་ངེས་གཏན་ནང་ལ་འཇམ་འདྲེད་སྣུམ་གྱི་དྭངས་འཚག་ཡོ་བྱད་ལ་གཙང་སྦྲ་བྱེད་པ་དང་དྭངས་འཚག་སྡོང་རས་(滤芯)བརྗེ་པོ་རྒྱག་དགོས།

        3.དུས་ཚོད་ངེས་གཏན་ནང་ལ་སྣུམ་གྱི་མཐིལ་ཞོང་ནང་གི་འཇམ་འདྲེད་སྣུམ་བརྗེ་པོ་རྒྱག་དགོས་པ་དང་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་སྣུམ་གྱི་སྤུས་ཚད་ལ་བལྟས་ནས་སྔ་སྣུར་རམ་ཡང་ན་དུས་འགྱངས་བྱས་ན་འགྲིག

        4.སྣུམ་རྒྱུགས་ལམ་ལ་གཙང་སྦྲ་བྱེད་སྐབས་སུ་ཁྲའེ་ཡུའུ་འཕྲུལ་འཁོར་གྱིས་ལས་ཀ་ཆུ་ཚོད་500བྱས་མཚམས་སུ་སྣུམ་རྒྱུགས་ལམ་ལ་གཙང་སྦྲ་ཐེངས་གཅིག་བྱས་ན་འགྲིག

        5.འཇམ་འདྲེད་སྣུམ་རྒྱུགས་ལམ་གྱི་གནོན་ཤུགས་ལེགས་སྒྲིག་བྱེད་ཐབས་ལ་ཁྲའེ་ཡུའུ་འཕྲུལ་འཁོར་ལས་ཀ་བྱེད་སྐབས་གལ་སྲིད་འཇམ་འདྲེད་སྣུམ་གྱི་རྒྱུགས་ལམ་གནོན་ཤུགས་ནི་རྒྱུན་ལྡན་ལས་དམའ་བ་ཡོད་ཚེ་དེའི་རྒྱུ་རྐྱེན་འཚོལ་དགོས་པ་དང་། བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་དུ་གལ་ཏེ་གནོན་ཤུགས་སྙོམས་སྒྲིག་ལྡེམ་རྩིབ་(调压簧)ལྷུག་པོ་ཆགས་ཡོད་པ་དང་ཡང་ན་བརྡར་ཟད་ཐེབས་པ། སྐྱོན་ཆགས་བྱུང་ནས་འཇམ་འདྲེད་སྣུམ་གྱི་གནོན་ཤུགས་ཆག་ཡོད་ཚེ་སྙོམས་སྒྲིག་ལྡེམ་རྩིབ་ལེགས་སྒྲིག་བྱེད་པའམ་ཡང་ན་སྙོམས་སྒྲིག་ལྡེམ་རྩིབ་བརྗེ་པོ་བརྒྱབ་ནས་རྒྱུན་ལྡན་གྱི་གནོན་ཤུགས་སླར་གསོ་ཐུབ་པ་བྱེད་དགོས།

        དྲུག་པ། འབྱེད་མཐུད་ཡོ་བྱད་(离合器)བདག་སྐྱོང་བྱེད་ཐབས།

        1.རྐང་འཇོག་བདེ་བགྲོད་ཐུབ་མིན་དང་བཀན་ཤིང་གི་ཁ་འགྱེད་གསུམ་གྱི་ཁ་འགྱེད་ཆེ་ཆུང་ལ་རྒྱུན་དུ་བརྟག་དཔྱད་བྱེད་དགོས།

        2.ཁ་འགྱེད་བཀན་ཤིང་ངམ་ཡང་ན་ཁ་འགྱེད་ཀྱི་ཁ་དབྲག་ཟད་བརྡར་ཚབས་ཆེ་ཤོར་ཡོད་ཚེ་དུས་ཐོག་ཏུ་གསར་བརྗེས་རྒྱག་དགོས།

        3.དུས་ཚོད་ངེས་ཅན་ནང་དུ་འཁོར་རྟེན་(轴承)གྱི་འཇམ་འདྲེད་གནས་ཚུལ་ལ་བརྟག་དཔྱད་བྱེད་ཅིང་། དགོས་ངེས་སྐབས་སུ་སྣུམ་སེར་བྱུགས་དགོས། འདྲུད་འཐེན་འཁོར་ལོ་ལས་ཀ་ཆུ་ཚོད་500བྱས་མཚམས་སུ་ཁ་འགྱེད་འཁོར་རྟེན་(分离轴承)མར་ཤིག་ནས་གཙང་འཁྲུ་བྱེད་དགོས་ཤིང་། གཙང་འཁྲུས་བརྒྱབ་ཚར་རྗེས་སྣུམ་སེར་ལྷག་འཕྲོ་ཡོད་པའི་སྣོད་ཆས་ནང་ཚ་པོ་བཟོ་དགོས་པ་དང་སྣུམ་སེར་བྱུགས་ནས་དཀག་འཐེབས་རྗེས་ཚུར་བླངས་ནས་བསྒར་དགོས་ཤིང་། ཚ་པོ་བཟོ་བའི་སྐབས་སུ་དྲོད་ཚད་མཐོ་དྲགས་རྒྱུ་མེད།

        བདུན་པ། གཤེར་གནོན་(液压)མ་ལག་གི་བདག་སྐྱོང་བྱེད་ཐབས།

        1.དུས་ཚོད་ངེས་གཏན་ནང་གཤེར་གནོན་སྣུམ་གྱི་མཐོ་ཚད་ལ་བརྟག་དཔྱད་བྱེད་དགོས་པ་དང་མ་འདང་བའི་སྐབས་སུ་ཁ་སྣོན་རྒྱག་དགོས་པའམ་ཡང་ན་གཤེར་གནོན་སྣུམ་བརྗེ་པོ་རྒྱག་དགོས་ལ་ངེས་པར་དུ་གཙང་སྦྲ་ཡག་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

        2.གཤེར་གནོན་མ་ལག་ནང་གི་ལྷུ་ལག་གཙང་འཁྲུ་བྱེད་སྐབས་སྣུམ་རྒྱུགས་ལམ་མི་འགག་པ་དང་ཡང་ན་ཁ་དོམ་པོ་ཡོང་བའི་ཆེད་དུ་སྲིང་རས་ཀྱིས་ཕྱིད་བརྡར་གཏོང་རྒྱུ་མེད།

        3.དམ་སྒྲིག་འགྱིག་འཁོར་(橡胶密封圈)སྣུམ་ནང་དུ་སྦོང་རྒྱུ་མེད་དེ་ལྟར་བྱས་ན་ཪྙིང་ཟད་ཐེབས་ནས་སྤུས་ཚད་ལ་སྐྱོན་ཡོང་གི་ཡོད། དམ་སྒྲིག་འགྱིག་འཁོར་བསྒར་སྐབས་སུ་འཇམ་འདྲེད་སྣུམ་ཕྲན་བུ་འམ་ཡང་ན་ཡི་ཙིའི་ཁུ་བ་ཕྲན་བུ་བྱུགས་ན་འགྱིག་འཁོར་མི་དབྲལ་བ་དང་ཆད་མི་འགྲོ་བའི་ཁྱད་འཕགས་ཡོད།

        4.སྣུམ་འཐེན་ཡོ་བྱད་(油泵)དང་། ཁག་བགོས་ཡོ་བྱད། (分配器)སྣུམ་ལྟང་སོགས་ཪྙོག་འདྲ་ཆེ་བའི་ལྷུ་ལག་སྤྱིར་བཏང་ཐོག་གང་བྱུང་བཤིག་རྒྱུ་མེད།

        བརྒྱད་པ། གཤེར་གནོན་ཁ་ཕྱོགས་སྒྱུར་བྱེད་(液压转向)ཀྱི་སྣུམ་སྣོད་ལ་བརྟག་དཔྱད་དང་བདག་སྐྱོང་བྱེད་ཐབས།

        གཤེར་གནོན་ཁ་ཕྱོགས་སྒྱུར་བྱེད་ཀྱི་སྣུམ་སྣོད་ནི་འཕྲུལ་འཁོར་གྱི་འཁོར་སྒྲོམ་འོག་གི་གཡས་ངོས་སུ་ཡོད་པ་དང་སྣུམ་སྣོད་གི་ཁ་གཅོད་ཕྱེ་ནས་སྣུམ་གྱི་ཚད་འཛིན་ཐིག་ཐོག་ཏུ་སྣུམ་ཤུལ་ཡོད་མེད་ལྟ་བ་དང་། གལ་སྲིད་སྣུམ་ཤུལ་མེད་ན་ཁ་ཕྱོགས་སྒྱུར་བའི་སྣུམ་སྣོད་ནང་དུ་སྣུམ་ཚད་གཞི་ལོན་གྱི་མེད་པས་ངེས་པར་དུ་སྣུམ་ཟག་འགྲོ་བའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་དགོས་ཤིང་། དེ་རྗེས་སྣུམ་སྣོད་ཚུར་བཏོན་ནས་དེའི་དཀྱིལ་གྱི་རྟགས་བརྒྱབ་ཡོད་པའི་བར་དུ་སྣུམ་ཁ་སྣོན་བླུག་ཐོག་ཡང་སྐྱར་སྣུམ་སྣོད་སྔར་བཞིན་བསྒར་དགོས། བརྟག་དཔྱད་བྱེད་པའི་སྐབས་སུ་ཞིབ་ཕྲའི་ངང་ནས་གཤེར་གནོན་སྣུམ་ཞོང་དང་སྣུམ་འགྲོ་རྒྱུག་གི་སྦུ་གུ་དེ་བཞིན་སྦྲེལ་མཐུད་བྱེད་མཚམས་བཅས་ལ་སྣུམ་མི་ཟག་པ་བརྟག་དཔྱད་བྱེད་དགོས། དེ་འདྲ་མ་བྱས་ན་ཁ་ཕྱོགས་སྒྱུར་ཆས་བདེ་ཁྱུག་ཡོང་གི་མེད། སྣུམ་སྣོད་ནང་གི་དྭངས་འཚག་དྲ་བ་དུས་ཚོད་ངེས་ཅན་ནང་གཙང་འཁྲུ་བྱེད་པའམ་ཡང་ན་བརྗེ་པོ་རྒྱག་དགོས།

        སྣུམ་གྱི་མཁའ་ངོས་ལ་བརྟག་དཔྱད་བྱེད་སྐབས་ངེས་པར་དུ་དེ་དང་ཆབས་ཅིག་ཏུ་སྣུམ་སྣོད་ཁ་གཅོད་སྟེང་གི་ལྟེ་བའི་ངོས་སུ་ཡོད་པའི་རླུང་འགྲོའི་སྟེམ་སྒོ་ཞིག་ཡོད་པ་དེ་ཡར་མར་འགྲོ་ཚུལ་བདེ་འཁྱུག་ཡིན་མིན་བརྟག་དཔྱད་བྱེད་དགོས། གལ་ཏེ་སྣུམ་སྙིགས་ཀྱིས་ཡར་མར་མཆོང་རྒྱུར་འགོག་རྐྱེན་བཟོ་གི་ཡོད་ཚེ་ལམ་སེང་གཙང་མ་གཙང་ཀྱང་འཁྲུ་དགོས།

        དགུ་པ། གློག་ཆས་མ་ལག་བདག་སྐྱོང་བྱེད་ཐབས།

        གློག་རྒྱུན་འདྲེན་སྐུད་ཁག་གི་སྦྲེལ་མཐུད་ལ་བརྟག་དཔྱད་བྱས་ནས་ངེས་པར་དུ་དམ་པོ་དང་བརྟན་པོ་ཡོང་བ་བྱེད་ཅིང་། ཁྲའེ་ཡུའུ་སྣུམ་དང་འཕྲུལ་འཁོར་སྣུམ་གྱིས་བཙོགས་པ་མི་ཆགས་པ་བྱེད་དགོས་པ་མ་ཟད་ཁྲའེ་ཡུའུ་སྣུམ་གྱིས་ཚ་པོ་ཆགས་ཁུལ་དང་མ་ཐུག་པ་བྱས་ནས་གློག་རྒྱུན་འདྲེན་སྐུད་ཀྱི་གློག་རྒྱུན་གཅོད་བྱེད་ཀྱི་ནུས་པ་ཡག་པོ་ཡོད་མེད་བརྟག་དཔྱད་བྱེད་དགོས།

          བཅུ་པ། གློག་གསོག་སྣོད་ཆས་(蓄电池)ཀྱི་བདག་སྐྱོང་བྱེད་ཐབས།

        1.གློག་གསོག་སྣོད་ཆས་སྲུང་སྐྱོང་བྱེད་པར་ནམ་རྒྱུན་དུ་དམིགས་བསལ་གྱི་སྲུང་སྐྱོང་བྱེད་དགོས་མེད། གཤེར་ཆུའི་སྡུར་ཚད་ལ་བལྟས་ནས་བརྟག་དཔྱད་མངོན་ཚུལ་གྱི་ཨེ་ཁུང་ལ་ཁ་དོག་ལྗང་ཁུ་ཡིན་ན་གློག་གི་ཚད་གཞི་ཁེངས་ཡོད་པ་དང་ཐལ་མདོག་ཡིན་ན་གློག་འདང་གི་མེད་པ་དང་ནག་པོ་ཡིན་ཚེ་གློག་རྩ་བ་ནས་མེད་པ་མཚོན་གྱི་ཡོད།

        2.གློག་གསོག་སྣོད་ཆས་སྟེང་གི་བརྟག་དཔྱད་ཨེ་ཁུང་ནང་ཐལ་མདོག་ཐོན་ཚེ་གློག་ཁ་སྣོན་རྒྱག་དགོས་ཀྱི་ཡོད་པ་དང་ཁ་མདོག་ནག་པོར་འགྱུར་ཡོད་ཚེ་གློག་གསོག་སྣོད་ཆས་གསར་བརྗེས་བྱེད་དགོས་ཀྱི་ཡོད།

        3.གློག་གསོག་སྣོད་ཆས་གཙང་མ་དང་། སྐམ་ཤས་ཆེ་བ། རླུང་འགྲོ་ཡོད་པ་བཅས་སུ་ཉར་འཇོག་བྱེད་དགོས་པ་དང་ཁོར་ཡུག་གི་དྲོད་ཚད་ལ་ཏུའུ་0ནས་40བར་དགོས་ཤིང་། དབོར་འདྲེན་བྱེད་པའི་སྐབས་སུ་ག་ལེར་འཇོག་པ་ལས་བརྡབས་སིག་མི་ཡོང་བ་བྱེད་དགོས་ལ་མགོ་རྟིང་སློག་ནས་འཇོག་རྒྱུ་མེད།

        4.གློག་གསོག་སྣོད་ཆས་ཀྱི་མཐུད་སྣེ་དང་གློག་ཁུངས་ཀྱི་གློག་སྐུད་ངེས་པར་དུ་སྦྲེལ་མཐུད་དམ་པོ་བརྒྱབ་ནས་འཕྲུལ་འཁོར་གློག་སློང་སྐབས་མཐུད་སྣེ་མི་ཞུར་བ་བྱེད་དགོས། མཐུད་སྣེ་ཡང་འགྱུར་རུལ་བསླད་(氧化腐蚀)མི་འགྲོ་བའི་ཕྱིར་གློག་སྐུལ་མཐུད་སྣེའི་སར་ཧྥན་ཧྲི་ལིང་(凡士林)ཏོག་ཙམ་བྱུག་དགོས།

        5.གློག་གསོག་སྣོད་ཆས་ཀྱི་ཕྱི་ངོས་ཀྱི་གཙང་སྦྲ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས།

        6.དུས་ཚོད་ངེས་གཏན་ནང་གློག་འདོན་འཕྲུལ་འཁོར་གྱི་གློག་མནོན་ཚད་གཞི་ལྟར་ཡིན་མིན་བརྟག་དཔྱད་བྱེད་ཅིང་། ཚད་གཞིའི་གློག་གནོན་ནི་ཕུའུ་(14.2+0.2)ཡིན་པ་རེད།

        7.གློག་བླུག་སྐབས་ཁང་པའི་ནང་གི་མཁའ་རླུང་ཤར་འགྲོ་ཐུབ་པ་དང་དུ་མེ་འཁྲིས་སུ་མེད་པ་བྱེད་ཅིང་། གློག་འབྱེད་ཆུ་མིའི་གཟུགས་པོའི་ཐོག་དང་གྱོན་ཆས་ཐོག་མི་ཟག་པ་བྱས་ནས་དོན་མེད་ཀྱིས་རྨས་སྐྱོན་གྱི་ཉེན་ཁ་མི་ཡོང་བ་བྱེད་དགོས།

        8.སྤྱིར་བཏང་གློག་གསོག་སྣོད་ཆས་ཀྱི་གློག་འབྱེད་ཆུ་མི་འདང་བའི་སྐབས་སུ་དུས་ཐོག་ཏུ་ཁ་སྣོན་བླུག་དགོས།

        9.གློག་བླུག་པའི་རྒྱུད་རིམ་ནང་གློག་འབྱེད་ཆུའི་དྲོད་ཚད་ཏུའུ་45ལས་མཐོ་བ་བྱེད་རྒྱུ་མེད་ཅིང་། ངེས་པར་དུ་གློག་བླུག་པའི་གློག་རྒྱུན་ཕྱེད་ཀ་ཉུང་དུ་གཏོང་བའམ་ཡང་ན་གློག་བླུག་མཚམས་བཞག་ནས་དྲོད་ཚད་མར་ཆག་དུ་བཅུག་དགོས། འོན་ཀྱང་གློག་བླུག་པའི་དུས་ཚོད་ངེས་ཅན་རིང་དུ་གཏོང་དགོས་ཀྱི་ཡོད།

        10.གློག་བླུག་ཚར་བའི་སྐབས་སུ་གློག་གི་ཁུངས་སྣེ་འཐེན་ནས་མེད་པ་བཟོས་ཐོག་གཞི་ནས་གློག་གི་ཁུངས་སྣེ་དང་གློག་གསོག་སྟེང་གི་བསྒར་སྣེ་ཚུར་བཀྲོལ་དགོས་པ་དེ་ནི་མེ་འབར་ནས་མེ་སྐྱོན་དང་འབར་གས་མི་ཡོང་བའི་ཆེད་དུ་ཡིན་པ་རེད།

        བཅུ་གཅིག གློག་འདོན་འཕྲུལ་འཁོར་གྱི་གྲང་སངས་མ་ལག་ལ་བདག་སྐྱོང་བྱེད་ཐབས།

        1.གློག་འདོན་འཕྲུལ་ཆས་ཀྱི་གྲང་སངས་གཏོང་བྱེད་ཀྱི་ཆུ་ནི་ཀ་ལའི་ཆུ་འཁོལ་ཟིན་པ་བྱེད་པའམ་ཡང་ན་འཁྱགས་འགོག་ཆུ་བླུག་ན་འགྲིག གློག་མ་བླང་གོང་ཐོག་མར་ཚ་སེལ་འཕྲུལ་ཆས་(散热器)ནང་གི་གྲང་སངས་ཆུ་གང་ཁེངས་ཡོད་མེད་དང་ཆུ་ཟག་གི་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།

        2.དུས་ཚོད་ངེས་གཏན་ནང་ལ་གྲང་སངས་མ་ལག་ནང་གི་ཆུ་དྲེག་གཙང་མ་བཟོས་ནས་རྗེས་སུ་ཚ་གྲངབརྗེ་ངོས་ཀྱི་ཚ་འགྱེད་ནུས་པ་འགན་ལེན་བྱེད་ཐུབ་པ་བྱེད་དགོས།

        3.རྟག་ཏུ་ཚ་སེལ་འཕྲུལ་ཆས་ཀྱི་ལྷེ་པའི་ངོས་ལ་རྩྭ་སྙིགས་དང་ཐལ་བ་སྣུམ་སྙིགས་སོགས་ཛ་ཛར་གྱིས་དགག་ཡོད་མེད་བལྟ་དགོས།

        4.དུས་ཐོག་ཏུ་དྲོད་ཚད་མཇལ་བྱེད་ཀྱི་ཡོ་བྱད་ཀྱི་ནུས་པ་གང་འདྲ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་དེ་འདྲ་མ་བྱས་ན་ཆུ་གྲང་སངས་འགྲོ་བའི་འཁོར་རྒྱུག་ལ་ཤུགས་རྐྱེན་ཐབས་ནས་གྲང་སངས་གཏོང་བའི་ནུས་པར་སྐྱོ་རུ་འགྲོ་རྒྱུ་རེད།

        (དཔལ་ཆོས་ཀྱིས་བསྒྱུར )

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员